གཉན་ངོ་སྤྲོད།
གཉན་ནི་འོ་འཐུང་དང་རི་དྭགས་ཀྱི་རིགས་སུ་གཏོགས་པ་དང༌། སྲོག་ཆགས་འདི་རིགས་མི་འདྲ་བ་འགའ་ཤས་ཡོད་པས། ལྷོ་ཤར་ཨེ་ཤི་ཡ་དང༌། སི་བྷི་རི་ཡ། ནང་སོག ཤིན་ཅང༌། ཧི་མ་ལ་ཡའི་རི་རྒྱུད་སོགས་སུ་འཚོ་གནས་བྱེད་ཅིང༌། བོད་ཀྱི་ས་མཐོའི་རི་མགོ་དང༌། སྤང་ལྗོངས་སོགས་སུ་འཚོ་གནས་བྱེད་བཞིན་ཡོད་ལ། སྲོག་ཆགས་འདི་ལུག་དང་འདྲ་ཤས་ཆེ་ཙམ་ཡོད་པ་དང༌། མི་རྣམས་ཀྱིས་བཤད་རྒྱུན་ལ་ལུག་གི་རིགས་རྒྱུད་གཉན་ལས་མཆེད་པར་བཤད།
ཡིན་ནའང་སྲོག་ཆགས་འདི་རྫི་གསང་རྣོ་ཞིང༌། རྒྱུན་དུ་ཁྱུ་ཚོགས་བྱས་ཏེ་འཚོ་གནས་བྱེད། ཕོ་མོ་གཉིས་ཀའི་མགོ་ལ་ར་ལྡན་ཞིང༌། ཕོའི་རྭ་ཆེས་སྦོམ་ཞིང་བཟོ་དབྱིབས་ལུག་ར་དང་འདྲ་བའི་བཅུས་རིལ་ཐེབས་ཡོད།
མོའི་རྭ་ཕོ་ལས་ཅུང་ཐུང་བ་དང་ཕྲ་བ་ཡོད། ལུས་ཀྱི་ལྗིད་ཚད་ལ་སྤྱི་རྒྱ་ ༡༡༠ ལྷག་དང༌། རིང་ཚད་ལ་མི་ཊར་ ༡་༥ དང༌། འཕོངས་མགོ་མཐོ་ཚད་ལ་མི་ཊར་ ༡ ཙམ་ཡོད། ལུས་ཀྱི་སྤུ་མདོག་གཙོ་བོ་ཁམ་སྐྱ་དང༌། ལུས་སྨད་འཕོངས་རྐུབ་དཀར་སྐྱ་ཡིན། ལུས་ཀྱི་སྤུ་རྩུབ་ཅིང་ཅུང་ཐུང་བ་དང༌། རྔ་མ་ཡང་ཅུང་ཐུང༌། སྲོག་ཆགས་འདི་ཆགས་འཕེལ་གྱི་དུས་ཚོད་སྟོན་ཁ་ཡིན་ཞིང༌། མངལ་སྦྲུམ་གྱི་དུས་ཡུན་ནི་ཟླ་བ་ལྔ་ཙམ་ཡིན། སྐྱེ་འཕེལ་ཐེངས་གཅིག་ལ་ཕྲུ་གུ་གཅིག་ལས་ལྷག་མི་སྐྱེ། གཉན་གྱི་ཚེ་ཚད་ནི་ལོ་ ༩ ཙམ་ཡིན།
སྲོག་ཆགས་འདི་རིགས་གཟུགས་སྟོབས་ཆེ་ཤོས་དེ་སི་བྷི་རི་ཡ་ནང་ཡོད་པ་དང༌། ལུས་ཀྱི་མཐོ་ཚད་ལ་མི་ཊར་ ༡་༣ དང་ལྗིད་ཚད་ལ་སྤྱི་རྒྱ་ ༡༨༠ ཙམ་ཡོད། ཨ་རིའི་སྲོག་ཆགས་རིག་པ་ལྗོར་ལྗི་ཤི་ལས་བོད་ཀྱི་གཉན་གྱི་གྲངས་འབོར་ནི་ ༧༠༠༠ མིན་ཙམ་ཡོད་པ་བཤད་འདུག བོད་ཀྱི་གཉན་ནི་པགས་པ་དང༌། ཤ་སོགས་ཀྱི་ཆེད་རྔོན་རྒྱག་མང་པོ་བྱས་དང་བྱེད་བཞིན་ཡོད་པ་དང༌། བོད་གངས་ཅན་ལྗོངས་ཀྱི་རྩ་ཆེའི་སྲོག་ཆགས་ངོ་སྤྲོད་ནང་གསལ་ལྟར་ན་བོད་ཀྱི་གཉན་རྒྱ་ནག་གཞུང་གི་རྔོན་རྒྱག་ར་བའི་ནང་གསོ་སྐྱོང་བྱས་ཏེ་ཕྱི་རྒྱལ་ཡུལ་སྐོར་བ་རྣམས་ལ་ཆེད་དུ་རྔོན་རྒྱག་ཏུ་བཅུག་སྟེ་རིན་འབབ་ལེན་གྱི་ཡོད་པ་དང༌། བོད་ཀྱི་གཉན་གཅིག་ལ་ཨ་སྒོར་ ༢༣༠༠༠ ལྷག་ལེན་གྱི་ཡོད་པ་གསལ་འདུག
གཉན་ནི་ད་ཆར་རྒྱལ་སྤྱིའི་སྟོངས་ལ་ཉེ་བའི་རི་སྐྱེས་སྲོག་ཆགས་དང་སྐྱེ་དངོས་ཉོ་ཚོང་གི་ཁྲིམས་ཡིག་ནང་སྲུང་སྐྱོབ་ཀྱི་ཟུར་རྒྱན་དང་པོའི་ནང་བཞག་ཡོད་པ་དང༌། དེ་བཞིན་རྒྱལ་སྤྱིའི་རང་བྱུང་སྲུང་སྐྱོབ་མཉམ་འབྲེལ་ལྷན་ཚོགས་ཀྱི་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་ཀྱི་ཛ་དྲག་གི་ཟིན་ཐོ་དམར་པོའི་ནང་འཁོད་ཡོད་པ་རེད། རྒྱ་དཀར་ནག་གཉིས་ཀྱི་སྟོངས་ལ་ཉེ་བའི་རི་སྐྱེས་སྲོག་ཆགས་ངོ་འཛིན་དང་འབྲེལ་སྲུང་སྐྱོབ་ཀྱི་གྲས་སུ་བཞག་ཡོད་པ་རེད།།
ཐེངས་ 42293 བཀླགས་འདུག