ཧི་མ་ལ་ཡའི་འཁྱགས་རོམ་སྐོར་པར་དང་ལོ་རྒྱུས་ཕྱོགས་སྒྲིག
ཨ་མི་རི་ཁའི་མངའ་སྡེ་ Colorado ཀོ་ལོ་རཱ་ཌོའི་ནང་གནས་སྡོད་རི་འཛེག་མཁན་ David Breashears ཌེ་ཝེ་ཌ་བྷེར་ཤར་སེ་ལགས་ཀྱིས་ཧི་མ་ལ་ཡའི་འཁྱགས་རོམ་སྐོར་གྱི་པར་དང་ལོ་རྒྱུས་ཡིག་ཆ་ཚད་ལྡན་ཞིག་ཕྱོགས་སྒྲིག་བྱེད་བཞིན་ཡོད་འདུག
དེ་ཡང་འདི་ལོ་ནི་བསྟན་འཛིན་ནོར་རྒྱས་ལགས་དང་ Edmund Hillary ཨེ་ཌེ་མུན་ཌེ་ཧེ་ལར་རུའེ་གཉིས་ཀྱིས་གངས་རི་ཇོ་མོ་གླང་མའི་སྟེང་ཐེངས་དང་པོ་འཛེགས་ཐུབ་པ་བྱུང་ནས་ལོ་ངོ་ ༦༠ འཁོར་བའི་དུས་ཚེས་ཡིན་པ་དང་། དེ་བཞིན་Hornbein ཧོ་རན་བྷིན་དང་ Unsoeld ཨུན་སོལ་ཌེ་ཐེ་བའི་ཨ་རིའི་མི་ལྔས་གངས་རི་ཇོ་མོ་གླང་མའི་སྟེང་འཛེགས་ཐུབ་པ་བྱུང་ནས་མི་ལོ་༥༠ འཁོར་བའི་དུས་ཚེས་དེ་ཡིན་འདུག་སྟབས། སྐུ་ཞབས་ David ཌེ་ཝེ་ཌེ་ལགས་ཆུང་དུས་ནས་ཨ་རི་བ་མི་ལྔ་པོ་དེས་ཇོ་མོ་གླང་མའི་སྟེང་འཛེགས་ཐུབ་པའི་གནས་ཚུལ་གོ་ནས་གངས་རིར་འཛེགས་རྒྱུ་དང་ཧི་མ་ལ་ཡའི་འཁྱགས་རོམ་སྐོར་ཤེས་འདོད་ཆེན་པོ་བྱུང་ཡོད་འདུག
སྐུ་ཞབས་ David ཌེ་ཝེ་ཌེ་ལགས་ཀྱིས་བལ་ཡུལ་ཕྱོགས་ནས་ཙམ་མ་ཡིན་པར་བོད་ཕྱོགས་ནས་ཡང་འཁྱགས་རོམ་དང་གནམ་གཤིས་འགྱུར་ལྡོག་ཐོག་བརྟག་དཔྱད་གནང་འདོད་བྱུང་ནས་ཁོང་བོད་དུ་ཕེབས་ནས་ཇོ་མོ་གླང་མའི་པར་ལེན་གནང་ཡོད་འདུག
ཁོང་གིས་ཕྱི་ལོ་༡༩༢༡ལོར་བོད་ཕྱོགས་ནས་ George Leigh Mallory ཇོར་ཇེ་ལའེ་མཱ་ལོ་རའེ་ཞུ་བས་པར་ལེན་བྱས་པའི་གངས་རི་དང་ས་ཁུལ་དེ་རང་ནས་ཁོང་གིས་པར་ལེན་བྱས་པའི་གངས་རིའི་དབར་ཁྱད་པར་ཇི་ཡོད་བརྟག་དཔྱད་གནང་སྐབས་ཁྱད་པར་ཆེན་པོ་གཟིགས་ནས་ཁོང་ཧང་སང་སོང་ཞེས་གསུངས་ཡོད་འདུག
སྤྱིར་བཏང་གནམ་གཤིས་འགྱུར་ལྡོག་སྐོར་གྱི་གནས་ཚུལ་དེ་རྩོད་གཞི་ཅན་ཞིག་ཡིན་ཀྱང་གནམ་གཤིས་འགྱུར་ལྡོག་ནི་མིས་བཟོས་པ་ཞིག་ཡིན་པར་ཡིད་ཆེས་གནང་མཁན་ཚོར་ཨེ་ཤེ་ཡའི་ནང་གི་འགྱུར་ལྡོག་ཐད་བློ་འཚབ་ཆེན་པོ་ཡོང་དགོས་པ་ཞིག་ཡིན་ལུགས་གསུངས་ཡོད་འདུག
མི་ལོ་༣༠ཙམ་གྱི་གོང་སྐུ་ཞབས་David ཌེ་ཝེ་ཌེ་ལགས་ཁོང་ཇོ་མོ་གླང་མའི་སྟེང་འཛེགས་སྐབས་ཁྱོན་བསྡོམས་ནས་མི་༣༠ཙམ་གྱི་མ་གཏོགས་ཇོ་མོ་གླང་མའི་སྟེང་འཛེགས་མྱོང་མེད་ཀྱང་། དེང་སང་ཧ་ལམ་ཉིན་ལྟར་ཇོ་མོ་གླང་མའི་སྟེང་འཛེགས་མཁན་ཡོད་ལུགས་གསུངས་འདུག David ཌེ་ཝེ་ཌེ་ལགས་ཀྱིས་ཧི་མ་ལ་ཡའི་འཁྱགས་རོམ་དང་བཞུར་ཚད་སོགས་ཀྱི་པར་དང་། ཚད་ལྡན་ཡིག་ཆ་བཟོ་ཆེད་ཧི་མ་ལ་ཡའི་རི་རྩེ་འཛེགས་པ་དང་། ཁོང་གིས་ལས་དོན་དེ་བྱ་རྒྱུར་ཁོང་རང་དགའ་པོ་ཡོད་ལུགས་གསུངས་འདུག
གནས་ཚུལ་ཡོང་ཁུངས་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་།
ཐེངས་ 42276 བཀླགས་འདུག