Donate

ས་ཡོམ་གྱིས་རྐྱེན་པས་རི་བོ་ཧི་མ་ལ་ཡ་རྨིད་ ༡ དམའ་རུ་ཕྱིན་འདུག་ཟེར།

ཉེ་ཆར་བོད་དང་རྒྱ་གར་དེ་བཞིན་གཙོ་བོར་བལ་ཡུལ་ནང་སྔ་ཕྱི་ས་ཡོམ་ཤུགས་ཆེ་ཆུང་ཐེངས་ ༣༠ ཡས་མས་ཤིག་བརྒྱབ་རྗེས། ཚན་རིག་པས་རི་བོ་ཧི་མ་ལ་ཡའི་མཐོ་ཚད་རྨིད་ ༡ དམའ་རུ་ཕྱིན་ཡོད་པའི་ངོས་འཛིན་བྱས་འདུག
Image of Himalayan Range of Tibetས་ཡོམ་རྗེས་མཐོ་ཚད་མར་ཟགས་ས་གཙོ་བོ་དེ་བལ་ཡུལ་གྱི་རྒྱལ་ས་ཀཱ་ཐཱ་མན་ཌུ་ནས་ནུབ་བྱང་ཕྱོགས་སུ་ཡོད་པའི་རི་བོ་ཧི་མ་ལའི་མངའ་ཁུལ་གླང་ཐང་རི་བརྒྱུད་ཀྱི་རྒྱ་ཁྱོན་སྤྱི་ལེ་ ༨༠ ནས་ ༡༠༠ བར་གྱི་ས་ཁུལ་ཡིན་ལུགས་ཨ་རིའི་ས་གཤིས་རིག་པའི་དཔྱད་ཞིབ་ཀྱི་ས་གཤིས་རིག་པའི་ཉམས་ཞིབ་པ་རི་ཆཱར་ཌི་(Richard Briggs)ལགས་ཀྱི་འགྲེལ་བརྗོད་གནང་འདུག
མ་ཚད་ཚན་རིག་པ་ཚོས་གླང་ཐང་རི་བརྒྱུད་ཀྱི་ནུབ་ཕྱོགས་སུ་ཡོད་པའི་གྷ་ནཱ་ཤེ་གཙོས་པའི་ཧི་མ་ལ་ཡའི་རི་རྩེ་ཁག་ཅིག་གི་མཐོ་ཚད་ཀྱང་མར་ཟགས་ཡོད་པའི་ཚོད་དཔག་བྱེད་བཞིན་འདུག
དེ་སྔོན་ཕྱི་ལོ་ ༢༠༡༥ ཟླ་ ༤ ཚེས་ ༢༥ ཉིན་བལ་ཡུལ་དུ་ས་འགུལ་ཚད་རིམ་ ༧་༩ ཅན་ཞིག་བརྒྱབ་སྟེ། ཁྱོན་མི་གྲངས་ ༨༢༠༠ ཙམ་འདས་གྲོངས་དང་། མི་གྲངས་ ༡༧༨༠༠ ཙམ་ལ་རྨས་སྐྱོན། ༼འདས་གྲོངས་ཕྱིན་ཚད་ཀྱི་མི་གྲངས་ ༡༠་༠༠༠ དང་། རྨས་སྐྱོན་ཕོག་པའི་མི་གྲངས་ ༣༠༠་༠༠༠ ཙམ་ཡིན་པའི་ཚོད་དཔག་བྱེད་མཁན་ཡང་འདུག་༽ མི་གྲངས་ ༣༨༢ ཙམ་གར་སོང་ཆ་མེད་དུ་གྱུར་བ། ཁང་བརྩེགས་ཆེ་ཆུང་སྟོང་ཕྲག་མང་པོ་སར་འགྱེལ་བ། གློག་དང་ལམ་ཁ་ཆད་པ་སོགས་ཁྱོན་ཨ་སྒོར་དུང་ཕྱུར་ ༥༠ ཙམ་གྱོང་གུད་བཏང་ཡོད་པའི་ཚོད་དཔག་བྱས་ཡོད།
ས་ཡོམ་གྱིས་རྐྱེན་པས་བལ་ཡུལ་ནང་རི་ཉིལ་བ་དང་། ས་རུད་བརྒྱབ་པ། དེ་རྗེས་དྲག་ཆར་དང་སེར་ར་བརྒྱབ་ཡོད་པ་དང་། ཆར་རླུང་དང་ཐལ་རྡུལ་འཚུབ་པ་སོགས་འབྱུང་བཞི་ཡོངས་སུ་འཁྲུག་པའི་རྟགས་མངོན་གསལ་དུ་ཐོན་ཅིང་། གནོད་ཐེབས་མི་མང་རྣམས་ས་ཡོམ་རྗེས་ཁང་པ་ནང་སྡོད་མ་ཕོད་པར་ཕྱི་ལོག་ཏུ་ཉེན་ཡོལ་དུ་བསྡད་ཡོད་སྟབས། ཕྱི་ལོག་ནས་ཆར་རླུང་དང་སེར་ར་བརྒྱབ་ནས་མི་རྣམས་ལ་དཀའ་ངལ་ཤུགས་ཆེ་སྤྲད་ཡོད་འདུག
ཡང་ཕྱི་ལོ་ཕྱི་ཟླ་ ༥ ཚེས་ ༡༢ ཉིན་གྱི་ཉིན་གུང་ཆུ་ཚོད་ ༡༢ ཡས་མས་ཤིག་ལ་སླར་ཡང་ས་འགུལ་ཚད་རིམ་ ༧་༣ ཅན་ཞིག་བརྒྱབ་ནས་མི་ ༩༡ རྐྱེན་འདས་དང་། ཁྱོན་མི་གྲངས་ ༢༣༠༠ ཙམ་ལ་རྨས་སྐྱོན། ཁང་བརྩེགས་ཁག་ཅིག་སར་འགྱེལ་ཡོད་འདུག
ཁ་སྔོན་ཕྱི་ཟླ་ ༤ ཚེས་ ༢༥ ནས་ས་ཡོམ་ཤུགས་ཆེ་ཤོས་རྗེས་མ་སྟེ་ཕྱི་ཟླ་ ༥ ཚེས་ ༡༢ བར་ཡོམ་ས་ཡོམ་ཆེ་ཆུང་གྲངས་ ༣༠ ཡས་མས་ཤིག་བརྒྱབ་ཡོད་པའི་གནས་ཚུལ་ཐོན་འདུག་པ་དང་། ད་དུང་བལ་ཡུལ་ནང་དུས་ཚོད་ངེས་མེད་ཤིག་གི་ནང་ས་ཡོམ་ཤུགས་ཆེན་ཞིག་རྒྱག་སྲིད་པའི་ཚོད་དཔག་དང་ཉེན་བརྡ་གཏོང་བཞིན་ཡོད་འདུག
ས་ཡོམ་ཤུགས་ཆེ་ཐེངས་ ༢ པ་བརྒྱབ་ཉིན་ཏེ་ཕྱི་ཚེས་ ༡༢ རེས་གཟའ་མིག་དམར་ཉིན་བལ་ཡུལ་ནང་མྱུར་སྐྱོབ་རོགས་རམ་བྱེད་མཁན་ཨ་རིའི་དམག་གི་ཐད་འཕུར་གནམ་གྲུ་ཞིག་བོར་བརླག་ཕྱིན་འདུག་པ་དང་། གནམ་གྲུ་དེའི་ནང་ཨ་རིའི་དམག་མི་ ༦ དང་བལ་ཡུལ་གྱི་དམག་མི་ ༢ བཅས་ཁྱོན་མི་གྲངས་ ༨ ཡོད་འདུག

ཐེངས་ 42307 བཀླགས་འདུག