Donate

རྒྱ་ར་ངོ་སྤྲོད།

རྒྱ་འམ་རྒྱ་ར་ནི་འོ་འཐུང་དང་རི་དྭགས་ཀྱི་སྡེ་རུ་གཏོགས་ཤིང༌། རྒྱ་ལ་རིགས་གསུམ་ཙམ་ཡོད་ཅིང༌། དེ་ཡང་ཧི་མ་ལ་ཡའི་རྒྱུད་དང༌། ཀོ་རི་ཡ། སེ་བྷི་རི་ཡ་སོགས་སུ་འཚོ་གནས་བྱེད་ཀྱི་ཡོད། རྒྱ་ར་རིགས་གསུམ་ནང་ནས་རིགས་གཉིས་ཙམ་བོད་ལ་འཚོ་གནས་བྱེད་ཀྱི་ཡོད་པ་བོད་གངས་ཅན་ལྗོངས་ཀྱི་རྩ་ཆེའི་སྲོག་ཆགས་ངོ་སྤྲོད་དབྱིན་ཡིག་དེབ་ནང་གསལ་འདུག

རྒྱ་ར།དེ་ཡང་རྒྱ་ར་དམར་པོ་དང༌། ཧི་མ་ལ་ཡའི་རྒྱ་ར་གཉིས་ཡིན། དེ་བཞིན་འཁྲུངས་དཔེ་དྲི་མེད་ཤེལ་གྱི་མེ་ལོང་ནང་གསལ་ལྟར་ན་རྒྱའི་རིགས་ནི་བོད་ནང་གནས་ས་གཙོ་བོ་རྫ་ཡུལ་དང༌། སྤོ་བོ། མེ་ཏོག་སོགས་དྲོད་ཚད་ཆེ་བའི་ནགས་དང་བྲག་གསེབ་ཏུ་ཐར་ཐོར་བྱས་ནས་སྡོད་ཀྱི་ཡོད་འདུག

རྒྱ་རའི་གཟུགས་གཞི་མཐོ་ཚད་ལ་སན་ཊི་མི་ཊར་ ༧༠  ཙམ་དང༌། རིང་ཚད་ལ་སན་ཊི་མི་ཊར ༨༠ ནས་ ༡༢༠ བར་ཡོད་ཅིང༌། ལྗིད་ཚད་ལ་སྤྱི་རྒྱ་ ༣༠ ཙམ་ཡོད་པ་རེད།

འཁྲུངས་དཔེ་དྲི་མེད་ཤེལ་གྱི་མེ་ལོང་ནང་གསལ་ལྟར་ན་ལུས་ཀྱི་མདོག་ནི་ལོ་ན་ཆུང་བའི་དུས་སུ་སྤུ་མདོག་ཁམ་དམར་དང༌། ན་སོ་དར་བའི་ཚེ་ནག་པོ། ན་སོ་རྒས་པའི་དུས་སུ་ཐལ་སྐྱ་ཆགས་ཀྱི་ཡོད། སྤྱིར་རྒྱ་ར་སྤུ་རྩུབ་པོ་དང་གྲ་སྤུ་ཐུང་ཤིང་སྲབ་ཙམ་ཡོད། རྒྱ་ར་ཕོ་མོ་གཉིས་ཀའི་མགོ་ལ་ར་རྩེ་ཤིན་ཏུ་རྣོ་བའི་ར་གཉིས་ལྡན་ཞིང་རིང་ཚད་ལ་སན་ཊི་མི་ཊར་ ༡༥ ཙམ་ཡོད། སྲོག་ཆགས་འདིའི་རྣ་ཅོག་ཆེས་ཆེན་པོ་ཡོད་པས་རིང་ཚད་ལ་སན་ཊི་མི་ཊར་ ༡༤ ཙམ་ཡོད།

རྒྱ་རའི་གཟུགས་དབྱིབས་ནི་ར་ལྟ་བུ་དང༌། ལུས་ཀྱི་རྔ་མ་རིང་ཐུང་ལ་ཡང་ར་ལུག་དང་འདྲ། ཟས་སུ་གཙོ་བོ་རྩྭ་ལྡུམ་དང༌། ལྕུག་ཕྲན་སོགས་བཟའ། དེ་ཡང་ཞོགས་དགོང་མ་གཏོགས་ཁ་ཟས་མི་འཚོལ། རྒྱ་རའི་རིགས་ནི་ཆགས་འཕེལ་དུས་སུ་མ་གཏོགས་ཁེར་རྐྱང་དུ་འཚོ་གནས་བྱེད་ཅིང༌། ཆགས་འཕེལ་དུས་ཚོད་ནི་དགུན་དུས་སུ་ཡིན་ཞིང༌། མངལ་སྦྲུམ་གྱི་དུས་ཡུན་ཉིན་གྲངས་ ༢༠༠ ཙམ་དང༌། སྲོག་ཆགས་འདིའི་ཚེ་ཚད་ནི་ལོ་ ༡༥ ཙམ་ཡིན།

རྒྱ་རའི་རིགས་ཀྱི་པགས་པ་དང་སྤུ། ཤ། སྙིང་སོགས་ཀྱི་ཆེད་རྔོན་རྒྱག་མང་པོ་བྱེད་བཞིན་པ་མ་ཟད། རྒྱ་རའི་འཚོ་གནས་ཁོར་ཡུག་ཀྱང་རྒྱ་ཆུང་དུ་འགྲོ་བ་སོགས་ལ་བརྟེན་ནས་སྟོངས་ལ་ཉེ་བའི་རི་སྐྱེས་སྲོག་ཆགས་གྲས་སུ་ཡོད་པ་རེད། རྒྱ་ར་ནི་རྒྱལ་སྤྱིའི་སྟོངས་ལ་ཉེ་བའི་རི་སྐྱེས་སྲོག་ཆགས་དང་སྐྱེ་དངོས་ཉོ་ཚོང་གི་ཁྲིམས་ཡིག་ཟུར་རྒྱན་དང་པོའི་ནང་བཞག་ཡོད་པ་དང༌། དེ་བཞིན་རྒྱལ་སྤྱིའི་རང་བྱུང་སྲུང་སྐྱོབ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཛ་དྲག་གི་ཟིན་ཐོ་དམར་པོའི་ནང་བཀོད་ཡོད་པ་དང༌། རྒྱ་དཀར་ནག་གཉིས་ནང་སྲུང་སྐྱོབ་གྲས་སུ་ཡོད་པ་རེད།།

རྒྱ་རའི་སྐོར་གྱི་དཔྱད་གཞིའི་ཡིག་ཆ།
1 འཁྲུངས་དཔེ་དྲི་མེད་ཤེལ་གྱི་མེ་ལོང༌། ཆབ་མདོ་སྨན་རྩིས་ཁང༌། ༢༠༠༢P.336,337
2 Microsoft Encarta Reference Library 2006
3 The Endangered Mammals of Tibet (2004 DIIR) P.34,35,38,39

ཐེངས་ 42332 བཀླགས་འདུག