Donate

རི་ཉིལ་ནས་ཡར་ཀླུངས་གཙང་པོ་ཆུ་བོའི་བཞུར་ལམ་ཡང་འགག་འདུག

ཕྱི་ལོ་༢༠༡༨ ཟླ་ ༡༠ ཚེས་༡༨ ཉིན་གསར་འགྱུར་བརྒྱད་ལམ་ཁག་ནས་གནས་ཚུལ་ཐོན་གསལ་ལྟར་ན།

བོད་ཀྱི་དུས་བབས་གསར་ཁང་གིས་སྤེལ་བའི་ནང་འཁོད་དོན།

བདུན་ཕྲག་གཅིག་ནང་བོད་དུ་རི་ཉིལ་ཐེངས་གཉིས་བྱུང་སྟེ་འབྲི་ཆུ་དང་ཡར་ཀླུང་གཙང་པོའི་ཆུ་རྒྱུན་བཀག་པ་མ་ཟད་ས་གནས་མི་མང་ཛ་དྲག་ངང་གནས་སྤོར་དགོས་བྱུང་།   ཕྱི་ལོ་ ༢༠༡༨ ཟླ་ ༡༠ ཚེས་ ༡༧ ཉིན་གྱི་ཞོགས་པར། བོད་རང་སྐྱོང་ལྗོངས་སྨན་གླིང་རྫོང་ཕད་གྲོང་རྡལ་རྒྱ་ལ་ཡུལ་ཚོའི་ཉེ་འགྲམ་གྱི་ཡར་ཀླུང་གཙང་པོའི་གྲོག་རོང་དུ་རི་ཉིལ་ནས་ཆུ་བོའི་བཞུར་རྒྱུན་འགག་པར་བརྟེན།  ཉེ་འགྲམ་གྱི་ཁྱིམ་ཚང་མང་པོ་ཛ་དྲག་ངང་གནས་སྤོར་དགོས་བྱུང་འདུག

ད་ལན་གྱི་རི་ཉིལ་དོན་རྐྱེན་དེ་ནི་བདུན་ཕྲག་གཅིག་ནང་གཙང་བོའི་འགྲམ་རྒྱུད་དུ་རི་ཉུལ་བྱུང་བ་ཐེངས་གཉིས་པ་དེ་ཡིན་པ་དང་། ཕྱི་ཚེས་ ༡༡ ཉིན་དཔལ་ཡུལ་རྫོང་དང་འཇོ་མདའ་རྫོང་སྤོ་ལོ་ཡུལ་ཚོའི་ས་མཚམས་ཀྱི་འབྲི་ཆུའི་ཁུག་མགོ་ཞིག་ཏུ་རི་ཉིལ་བྱུང་སྟེ། ཉེ་འགྲམ་གྱི་ཁང་པ་མནན་པ་མ་ཟད། འབྲི་ཆུའི་བཞུར་རྒྱུན་ཤུགས་ཆེན་འགག་སྟེ་ས་གནས་མི་མང་གནས་སྤོར་དགོས་བྱུང་བ་སོགས་དཀའ་ངལ་ཆེན་པོ་འཕྲད་ཡོད་པ་རེད།

རྒྱ་ནག་གཞུང་ཕྱོགས་ཀྱི་གསར་འགྱུར་བརྒྱུད་ལམ་དུ་ཁ་སང་རི་ཉིལ་བྱུང་ས་ནས་མེ་ཏོག་རྫོང་ལ་བར་ཐག་སྤྱི་ལེ་ ༡༧༥ ཡོད་པ་དང་། རི་ཉིལ་དོན་རྐྱེན་བྱུང་མ་ཐག་རིམ་པ་དང་པོའི་ཉེན་སྐྱོབ་ཐབས་ཇུས་ལག་བསྟར་བྱས་པ་དང་། ཉིང་ཁྲི་དྲག་ཆས་ཉེན་རྟོག་ཁང་གི་ཡན་ལག་སོགས་ནས་དམག་མི་ ༧༠༠ ལྷག་གིས་གྲ་སྒྲིག་ཨང་གསར་བྱས་བསྡད་ཡོད་སྐོར་བསྒྲགས་འདུག

རི་ཉིལ་བྱུང་བའི་གནས་ཚུལ་དྲ་ལམ་དུ་སྤེལ་རྗེས། མི་ཚོས་འདི་ནི་གཏེར་ཁ་སྔོག་འདོན་བྱས་པའི་མཇུག་འབྲས་ཡིན་པ་དང་། གཏེར་ལས་སྔོག་འདོན་ཚད་ལས་བརྒལ་བའི་རྐྱེན་གྱིས་མིན་པར་ཤོག གོ་ལ་འདིས་ང་ཚོ་འགྲོ་བ་མི་ལ་བརྡ་ཞིག་གཏོང་གི་ཡོད་པ་གཏན་འཁེལ་ཡིན་སྟབས། ས་བརྐོ་རྡོ་སློག་ཉུང་ཙམ་བྱས་ན་དགའ་རྒྱུ་རེད་ཟེར་བ་སོགས་ཀྱི་བསམ་ཚུལ་བརྗོད་འདུག

བརྒྱུད་ལམ་དུ་སྤེལ་བའི་པར་རིས་ནང་དུ་རི་ཉིལ་ཚབས་ཆེན་བྱུང་སྟེ་ཆུ་རྒྱུན་བཀག་པ་མ་ཟད། ཟམ་པ་ཆད་པ་དང་ཉེ་འགྲམ་དུ་ཡུལ་མིའི་སྡོད་ཁང་ཡང་ཡོད་སྟབས། འགག་མདོའི་ཆུ་གསོག་ཚད་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར་གཅིག་ལྷག་ཟིན་ཡོད་སྐོར་བརྗོད་འདུག་པས་ཉེན་ཁ་ཆེན་པོ་ཆགས་ཡོད་འདུག

གཞན་ཡང་། རྒྱ་ནག་གཞུང་གིས་ཉེ་སྔོན་བྱུང་བའི་འབྲི་ཆུའི་འགྲམ་རྒྱུད་ཀྱི་རི་ཉིལ་དོན་རྐྱེན་ཐག་གཅོད་བྱས་ཏེ་ཆུ་རྒྱུན་རྒྱུན་ལྡན་ཆགས་ཡོད་སྐོར་བསྒྲགས་ཡོད་ཀྱང་། ཕྱི་ཕྱོགས་སུ་འབྱོར་བའི་བརྙན་ཐུང་སོགས་ཀྱི་ནང་ས་གནས་མི་མང་རྣམས་ད་དུང་གུར་ཕུབ་ནས་བསྡད་ཡོད་པ་མ་ཟད། རྫོང་དང་ཞིང་གྲོང་བརྡལ་ ༡༧ གྱི་མི་གྲངས་ ༡༠༣༦ ལྷག་ལ་གནོན་འཚེ་ཐེབས་ཡོད་འདུག་ལ། ས་གནས་ཡུལ་མི་ཚོས་འཛུགས་སྐྲུན་དང་གཏེར་ཁ་སྔོག་འདོན ཆེད་ས་བརྐོ་རྡོ་སློག་ཤུགས་ཆེན་བྱས་པའི་རྐྱེན་གྱིས་ཡིན་སྐོར་བརྗོད་ཡོད་པ་རེད།

གསར་འགོད་པ། སངས་རྒྱས་དཀོན་མཆོག

ཡང་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་སྤེལ་བའི་ནང་དོན།

ཀོང་པོ་ཉིང་ཁྲི་མངའ་ཁོངས་སྨན་གླིང་རྫོང་ཁོངས་སུ་ས་རུད་རྒྱབ་པའི་རྐྱེན་གྱིས་ཆུ་བོའི་རྒྱུག་ཡུལ་འགག་སྟེ་རྫིང་ཆུ་ཆགས་བཞིན་པར་ཉེ་ཁུལ་ཡུལ་མི་ཚོ་ཉེན་གཡོལ་གནས་སྤོ་བྱེད་བཞིན་འདུག
བོད་ནང་ཡར་ཀླུངས་གཙང་པོ་རྒྱུག་ཡུལ་ཀོང་པོ་ཉིང་ཁྲི་མངའ་ཁོངས་སྨན་གླིང་རྫོང་གི་གྲོང་གསེབ་ཀྱི་ས་ཁུལ་ཞིག་དུ་ས་རུད་རྒྱབ་པའི་རྐྱེན་གྱིས་ཆུ་བོའི་རྒྱུག་ཡུལ་འགག་སྟེ་རྫིང་ཆུ་ཆགས་བཞིན་པར་ཉེ་ཁུལ་མང་ཚོགས་རྣམས་ཉེན་གཡོལ་དུ་གནས་སྤོ་བྱེད་བཞིན་པ་དང་། རྒྱ་ནག་གིས་རྒྱ་གར་ལའང་གཙང་ཆུའི་ཆུ་ཚད་ལ་འགྱུར་བ་ཡོང་སྲིད་པའི་བརྡ་ལན་སྤྲད་ཡོད་པའི་སྐོར་རྒྱ་ནག་གི་བརྒྱུད་ལམ་ཁག་གིས་གནས་ཚུལ་སྤེལ་བཞིན་ཡོད་འདུག
བརྒྱུད་ལམ་ཁག་གིས་རྒྱ་ནག་གི་ཛ་དྲག་ལས་དོན་ཚན་པ་ལུང་འདྲེན་གྱིས་གནས་ཚུལ་སྤེལ་བར་གཞིགས་ན། སྨན་གླིང་རྫོང་གི་ས་ཁུལ་ལ་ས་རུད་བྱུང་བའི་རྐྱེན་གྱིས་གཙང་ཆུ་རྒྱུག་ཡུལ་འགག་སྟེ་རེས་གཟའ་ཕུར་བུའི་ཉིན། འདི་ཁུལ་དུ་ཆུའི་མཐོ་ཚད་ཕི་ཀྲི་༡༣༡བར་སླེབས་ཡོད་པ་དང་། ད་ལྟའི་ཆར་མི་མང་འཆི་སྐྱོན་དང་རྨས་སྐྱོན་ཕོག་པའི་དོན་རྐྱེན་བྱུང་མེད་ཀྱང་། མང་ཚོགས་༦༠༠༠ཙམ་ཉེན་གཡོལ་གྱི་ཆེད་དུ་གནས་སྤོ་བྱས་ཡོད་པའི་གནས་ཚུལ་ཐོན་ཡོད་པ་རེད།
བོད་ནས་རྒྱུག་པའི་ཡར་ཀླུངས་གཙང་པོ་དེ་བཞིན་རྒྱ་གར་བྱང་ཤར་(Arunachal Pradesh)དང་དེ་ནས་ཨ་སམ་(Assam) བཅས་ནང་རྒྱུག་ཏེ་རྒྱ་གར་ནང་གཙང་ཆུ་དེར་(Brahmaputra)ཞེས་བརྗོད་ཀྱི་ཡོད་པ་དང་། རྒྱ་ནག་གིས་བོད་ནང་ཡར་ཀླུངས་གཙང་པོའི་གཙང་ཆུའི་ཐོག་ཆུ་རག་རྒྱབ་ཏེ་གཙང་ཆུ་རྒྱུག་ཡུལ་ལ་ཁ་ལོ་བསྒྱུར་ཐབས་བྱེད་བཞིན་པ་བཅས་ལ་རྒྱ་གར་གྱི་གཙོས་པའི་གཤམ་འོག་རྒྱལ་ཁབ་ཁག་ལ་བློ་འཚབ་བྱ་དགོས་པ་ཞིག་བཟོ་བཞིན་ཡོད་པ་དང་། རྒྱ་གར་གྱིས་རྒྱ་ནག་ལ་ཡར་ཀླུངས་གཙང་པོའི་གཙང་ཆུའི་ཐོག་རྒྱབ་པའི་ལས་འཆར་དང་། གཞན་ཡང་གཙང་ཆུའི་ཆུ་ཚད་ཀྱི་དཀའ་ངལ་བཅས་ལ་རྒྱ་གར་ལ་སྔ་ས་ནས་གནས་ཚུལ་བརྗེ་ལེན་བྱེད་དགོས་ཀྱི་ཡོད་པ་བརྗོད་ཀྱི་ཡོད་པ་རེད།
མཐོ་སྒང་བོད་རྒྱལ་ཁབ་ཀྱི་ས་ཁུལ་དེ་ནི་གཤམ་འོག་ཨེ་ཤེ་ཡའི་མངའ་ཁུལ་རྒྱལ་ཁབ་མང་པོའི་ནང་རྒྱུག་བཞིན་པའི་གཙང་ཆུ་འགོ་འཛུགས་ཡུལ་གྱི་འབྱུང་ཁུངས་ལྟ་བུ་དེ་ཡིན་པ་དང་། ད་ཆ་གོ་ལའི་གནམ་གཤིས་ཚ་དྲོད་ཆེ་རུ་འགྲོ་བཞིན་པའི་ཤུགས་རྐྱེན་གྱིས་བོད་ནང་གངས་རིའི་རྩེར་གངས་བཞུ་བའི་མྱུར་ཚད་དེ་ཡང་དེ་སྔ་ལས་ཤུགས་ཆེ་རུ་འགྲོ་བཞིན་པ་དེས་གཙང་ཆུ་རྒྱས་པ་སོགས་ཀྱིས་དཀའ་ངལ་རིམ་པ་ཞིག་བཟོ་གིན་ཡོད་པ་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།

གསར་འགོད་པ་བློ་བཟང་ཡེ་ཤེས།

གསར་འགྱུར་བརྒྱུད་ལམ་ཁག་མང་དག་ཉན་ཀློག་བྱས་པ་ལ་བརྟེན་ནས་ད་ལྟའི་བོད་ནང་འབྱུང་བཞིན་པའི་རི་ཉིལ་དང་ས་ཡོམ་ཆུ་ལོག་སོགས་ཀྱི་འབྱུང་རྐྱེན་གཙོ་བོ་ནི་རྒྱ་ནག་གིས་བོད་ཀྱི་ཁོར་ཡུག་ལ་གཏོར་སྐྱོན་ཚབ་ཆེན་བཏང་བའི་ཉེར་ལེན་ཡིན་པ་གསལ་སྟོན་གནང་འདུག

 

ཐེངས་ 42572 བཀླགས་འདུག