འཛམ་གླིང་ཁོར་ཡུག་ཉིན་མོར་གཙང་བཟོ་བྱས།
ཕྱི་ལོ་ ༢༠༡༦ ཟླ་ ༦ ཚེས་ ༥ འཛམ་གླིང་ཁོར་ཡུག་གི་ཉིན་མོར་ལྷ་སྤྱི་ཚོགས་ཞབས་ཞུ་དང་ཤེས་ཡོན་ལྟེ་གནས་ཁང་དང་བོད་ཀྱི་བདེ་རྩ་གཉིས་མཉམ་འབྲེལ་གོ་སྒྲིག་འོག བཞུགས་སྒར་དྷ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་ཉེ་འགྲམ་དང་གླིང་སྐོར་ལམ་བཅས་སུ་གད་སྙིགས་བསྡུ་རུབ་ཀྱིས་ཁོར་ཡུག་གཙང་བཟོ་བྱས་ཡོད་པ་རེད། འགྱིག་ཤོག་སོགས་ཁྱོན་གད་སྙིགས་དོ་པོ་ལྔ་བཅུ་ཡས་ཤས་ཤིག་བསྡུ་རུབ་བྱས་པ་དང་། གཞན་ཡང་དེ་ཉིན་བོད་མི་དང་། རྒྱ་གར་བ། ཕྱི་གླིང་ཡུལ་སྐོར་སྤྲོ་འཆམ་པ་བཅས་ལ་བོད་ཡིག་དང་། ཨིན་ཡིག ཧིན་དྷི་བཅས་ནང་བྲིས་པའི་ཁོར་ཡུག་སྲུང་སྐྱོབ་དགོས་པའི་གོ་རྟོགས་ཡིག་ཆ་གྲངས་ ༣༠༠ ཙམ་འགྲེམས་སྤེལ་བྱས་ཡོད་པ་རེད།
དེ་ཉིན་ཁོར་ཡུག་གཙང་བཟོ་བྱེད་མཁན་ལྷའི་ལས་བྱེད་དང་། དང་བླང་བ། སློབ་ཕྲུག བོད་ཀྱི་བདེ་རྩའི་ལས་བྱེད་དང་སློབ་ཕྲུག་བཅས་ཁྱོན་མི་གྲངས་ ༡༠༠ ཙམ་ཁོར་ཡུག་གཙང་བཟོ་ལ་མཉམ་ཞུགས་བྱས་ཡོད་པ་དང་། མཇུག་ཏུ་ཁོར་ཡུག་གཙང་བཟོ་གནང་མཁན་ཚོར་ཆུ་མངར་མོ་དང་། ཤིང་ཐོག་ཁུ་བ་སོགས་བཀྱགས་ནས་ལས་ཀར་མཉམ་ཞུགས་གནང་བར་ཐུགས་རྗེ་ཆེ་བཅས་ཞུས་ཡོད་པ་རེད།
ཐེངས་ 42383 བཀླགས་འདུག