Donate

འབྲོག་པ་གྲོང་བརྡལ་དུ་བསྒྱུར་བའི་དཀའ་ངལ།

མགོ་ལོག་དར་ལག་ཁུལ་གྱི་འབྲོག་པ་གྲོང་བརྡལ་དུ་གནས་སྤོ་བྱེད་བཅུག་ཏེ་འཚོ་གནས་ལ་དཀའ་ངལ་འཕྲད་བཞིན་ཡོད་པ་རེད།

Tibet Nomadདེ་རིང་བོད་ནས་འབྱོར་བའི་གནས་ཚུལ་ལྟར་ན། རྒྱ་ནག་གཞུང་གིས་འབྲོག་པ་གྲོང་བརྡལ་ཅན་དུ་བསྒྱུར་བའི་ལས་གཞིའི་ཁོངས་སུ། ཕྱི་ལོ་ ༢༠༡༡ ནས་ཟླ་ ༣ པའི་ནང་མཚོ་སྔོན་ཞིང་ཆེན་མགོ་ལོག་ཁུལ་དར་ལག་རྫོང་དབྱིག་གཞུང་ཡུལ་ཚོའི་ནང་། དར་ལག་རྫོང་དྭངས་ལག་སྡེ་བ་དང་དྭངས་གཞུང་ནས་འབྲོག་འཁྱིམ་ ༡༢༥ ཙམ་གྲོང་བརྡལ་གསར་པར་གནས་སྤོ་བྱེད་དུ་བཅུག་པར་བརྟེན་ཏེ། ཁོང་ཚོར་གྲོང་བརྡལ་དང་མཐུན་པའི་ལས་རིགས་གང་ཡང་ཤེས་ཀྱི་མེད་པར་བརྟེན་ད་ཆར་ལས་ཀ་མ་རེག་པ་དང་། དཔལ་འབྱོར་ཡོང་ཁུངས་མེད་པ་སོགས་ལ་བརྟེན་ཏེ་འཚོ་བར་དཀའ་ངལ་འཕྲད་བཞིན་ཡོད་འདུག

འབྲོག་པ་ཚོས་དེ་སྔོན་སོ་སོའི་ས་ཁོངས་སུ་ཡོད་པའི་དབྱར་རྩྭ་དགུན་འབུ་དང་། ཤེས་ཐང་སྨན་རྩ་འཛིམ་པ་ནག་རིང་སོགས་ཡོང་སྒོ་ཁག་དེང་སང་བརྐོ་མཆོག་གི་མེད་པ་དང་། ས་གནས་རྒྱ་གཞུང་གིས་རུ་སྤོས་འབྲོག་པ་དུད་ཁྱིམ་རེར་ཟླ་རེར་འཚོ་སྣོན་རྒྱ་སྒོར་ ༣༥༠ དང་གྲོ་ཕྱེ་རྒྱ་མ་ ༢༥ སྤྲོད་ཀྱི་ཡོད་ཀྱང་། དེས་ས་གནས་འབྲོག་པ་མང་པོ་ཞིག་ལ་འཚོ་སྣོན་དང་བཟའ་འབྲུ་མི་འདང་པའི་དཀའ་ངལ་འཕྲད་བཞིན་ཡོད་པར་བརྟེན་ཏེ། གནད་དོན་དེའི་སྐོར་གོང་རིམ་ལ་ཐེངས་མང་ཡར་ཞུ་བྱས་ཀྱང་ད་བར་ཡ་ལན་གང་ཡང་བྱས་མི་འདུག

རུ་སྤོས་འབྲོག་པའི་ཁྱིམ་ཚང་གི་གཞོན་སྐྱེས་ཕོ་མོ་ཚོས་ཁྱིམ་ཚང་གི་འཚོ་བའི་དཀའ་ངལ་སེལ་ཆེད་གྲོང་ཁྱེར་ཁག་གི་སྨན་ཁང་དང་། ལས་ཁུངས་ནང་དུ་གད་ཕྱིས་རྒྱག་པ་སོགས་ཀྱི་ལས་ཀ་བྱེད་ཀྱི་ཡོད་པ་དང་ལོ་ན་རྒན་པ་ཚོས་གྲོང་འཁྱེར་ནང་དུ་གད་སྙིགས་ཕྱགས་པ་དང་གད་སྙིགས་ནང་དུ་ཡོད་པའི་འགྱིག་དུམ་དང་ལྕག་རིགས་སོགས་བསགས་ནས་སོ་སོའི་ཁྱིམ་ཚང་གི་འཚོ་སྣོན་ཡོང་ཐབས་བྱེད་ཀྱིན་ཡོད་འདུག

རྒྱ་ནག་གཞུང་གིས་འབྲོག་པ་ཚོ་གྲོང་བརྡལ་དུ་གནས་སྤོ་བའི་སྲིད་ཇུས་ལག་བསྟར་བྱས་པ་ནས་བཟུང་ཡོང་སྒོ་མེད་པ་དང་ཁྲོམ་རའི་དངོས་ཟོག་རིན་གོང་འཕར་བ། བཟའ་བཅའི་རིན་གོང་དང་ཡུལ་ཐང་འཕར་བ། བོད་མི་ཚོའི་ལས་རིགས་ཁག་གི་ཡོང་འབབས་ཉུང་བ་དང་། ཚོང་གཉེར་གྱི་གོ་སྐབས་ཤོར་བ་བཅས་ཀྱིས་འབྲོག་ཁུལ་བོད་པ་ཚོ་ལས་མེད་ཆགས་ཏེ་ངེས་མེད་ཀྱི་མི་ཚེ་སྐྱེལ་བཞིན་ཡོད་པ་རེད་འདུག

གནས་ཚུལ་ཡོང་ཁུངས་བོད་ཀྱི་དུས་བབ།

ཐེངས་ 42242 བཀླགས་འདུག