Donate

འབྲི་ཆུ་འགག་པ་ཤར་གཏོང་ཐུབ་ཡོད་ནའང་དེར་གནས་སྡོད་ཡུལ་མི་རྣམས་ལ་གནོད་འཚེ་དང་གོད་ཆག་ཚབས་ཆེན་ཕོག་འདུག

འབྲི་ཆུ་འགག་པ་ཤར་གཏོང་ཐུབ་ཡོད་ནའང་དེར་གནས་སྡོད་ཡུལ་མི་རྣམས་ལ་གནོད་འཚེ་དང་གོད་ཆག་ཚབས་ཆེན་ཕོག་འདུག

དེ་ཡང་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། འབྲི་ཆུ་འགག་པ་བཤང་ཐུབ་ཡོད་ནའང་འབྲི་ཆུ་དང་འདྲེས་མཚམས་སུ་གནས་ཡུལ་གྱི་དགོན་པ་དང་། གྲོང་སྡེ། སློབ་གྲྭ་སོགས་ཆུ་འཁྱིལ་ནས་གོད་ཆག་དང་གནོད་འཚེ་ཚབས་ཆེ་བཟོས་ཡོད་པ་རེད་འདུག

ཆབ་མདོ་འཇོ་མདའ་སྤོ་ལུ་ས་ཁུལ་དུ་འབྲི་ཆུ་འགག་པ་དེ་བཤང་ཐུབ་ཡོད་ནའང་དཔལ་ཡུལ་དངུལ་ཆུ་དང་འདྲེས་འཚམས་སུ་ཆུ་འཁྱིལ་བས་བ་ལྕེ་གྲོང་པ་དང་སློབ་གྲྭ་དང་སྤོ་ལུ་དགོན་པར་གོད་ཆག་ཚབས་ཆེ་བཟོས་པར་ས་གནས་མང་ཚོགས་ཚོས་སེམས་སྡུག་བྱེད་བཞིན་འདུག
དེ་ཡང་འདི་ག་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་ལ་ས་གནས་ཡུལ་མི་ཞིག་གིས་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན། ཉེ་ཆར་འཇོ་མདའ་སྤོ་ལུ་ས་ཁུལ་དུ་རི་ཉིལ་བསྐྱར་དུ་བྱུང་ནས་འབྲི་ཆུ་ཉིན་གྲངས་༩་ལྷག་རིང་འགག་པའི་རིང་ཆུ་འཁྱིལ་ཚད་རྒྱ་ཆེ་རུ་སོང་སྟེ་སྤོ་ལོ་ཡུལ་ཚོ་དང་། གྲོང་སྡེ་ཆུའི་འོག་ཏུ་ནུབ་ཟིན་པ་ཁར།

ཟླ་འདིའི་སྤྱི་ཚེས་༡༡་དང་༡༢་ཉིན་སྤོ་ལུ་དགོན་པའི་ནང་དུའང་ཆུ་འཁྱིལ་ནས་དགོན་པའི་ལྷ་ཁང་ཆུའི་འོག་ཏུ་ཤོར་ཡོད་པ་དང་། ང་ཚོར་རོགས་པ་དང་མ་འོངས་པ་འཛུགས་སྐྲུན་གྱི་ཆ་ནས་བསམ་བློ་གཏོང་རྒྱུ་ཙམ་ལས་གཞན་གང་ཡང་ལྷག་མ་སོང་ཞེས་བརྗོད་ཡོད། ད་དུང་ཁོང་གིས། ད་ཆ་འབྲི་ཆུ་ཤར་གཏོང་ཐུབ་ཡོད་ནའང་གྲོང་གི་ནང་འཁྱིལ་བའི་ཆུ་གཙང་པོའི་ནང་རྒྱུགས་རྒྱུར་དུས་ཚོད་རིང་པོ་འགོར་གྱི་ཡོད་པ་བརྗོད་འདུག
འབྲི་ཆུ་གཙང་པོ་འགག་ནས་གྲོང་ཚོའི་ནང་ཆུ་རྒྱུགས་པའི་གནས་སྟངས་ཐད་གསར་དུ་ཐོན་པའི་བརྙན་པར་ཁག་ཅིག་སྤྱི་ཚོགས་བརྒྱུད་ལམ་ཁག་ཏུ་ཁྱབ་སྤེལ་འགྲོ་བཞིན་པར་གཞིགས་ན། ཕྱི་ཟླ་ ༡༡ ཚེས་༡༡་ཉིན་གྱི་ཕྱི་དྲོ་སྤོ་ལུ་དགོན་པའི་གཡས་ཕྱོགས་ཀྱི་ལྷ་ཁང་ཞིག་ཆུའི་ནང་གྱེལ་འགྲོ་བ་ནུབ་བཞིན་ཡོད་པ་མཐོང་རྒྱུ་ཡོད་པ་མ་ཟད། མི་དམངས་ཚོ་སེམས་སྡུག་གིས་ངུ་འབོད་བྱེད་བཞིན་པ་ཡོད་པ་གོ་རྒྱུ་འདུག

མ་ཟད་ཐེངས་འདིར་རི་ཉིལ་ས་རུད་ཀྱིས་འབྲི་ཆུ་འགག་པའི་རྐྱེན་གྱིས་བོད་རང་སྐྱོང་ལྗོངས་ཁུལ་གྱི་ཆབ་མདོ་རྫོང་ཁུལ་གནོད་འཚེ་ཕོག་ཡོད་པ་དང་། དཔལ་འབྱོར་གྱི་གྱོང་གུན་ཡང་ཚབས་ཆེ་ཕོག་པའི་གནས་ཚུལ་བྱུང་ཞིང་།  གནས་ཚུལ་ཤེས་རྟོགས་བྱུང་བར་གཞིགས་ན་འབྲི་ཆུ་གཙང་པོ་འགག་པ་བཤང་ཐུབ་ཡོད་ཀྱང་དཔལ་ཡུལ་ས་གནས་སུ་དངུལ་ཆུ་དང་འབྲི་ཆུ་འབྲེལ་མཚམས་སུ་ཆུ་འགག་ནས་གཙང་པོ་དེ་གཉིས་འབྲེལ་མཚམས་བ་ལྕེ་གྲོང་པའི་ཁུལ་གྱི་སློབ་གྲྭ་སོགས་ཀྱི་ནང་ཆུ་སླེབས་ནས་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད་ལུགས་བོད་ནས་བོད་མི་ཞིག་གིས་འདི་ག་རླུང་འཕྲིན་ཁང་དུ་འགྲེལ་བརྗོད་བྱས་ཡོད་པ་རེད།

ཡང་བོད་ནས་བོད་མི་གཞན་ཞིག་གིས། བོད་ནང་རྒྱ་ནག་གཞུང་གིས་གཏེར་ཁ་སྔོག་འདོན་དང་། ས་རྐོ་རྡོ་སློག་ཤུགས་ཆེ་བྱས་པའི་རྐྱེན་གྱིས་འབྱུང་བ་འཁྲུག་ནས་གནོད་པ་བྱུང་བ་རེད་ཟེར་ནས་མང་ཚོགས་ནང་གླེང་སློང་མང་པོ་ཞིག་ཡོང་བཞིན་ཡོད་པ་བརྗོད་འདུག་ལ།  ཡང་བོད་མི་དེས་རྒྱ་མིས་བོད་ནང་གི་རྨ་ཆུ་ཁུལ་གཏེར་ཁ་བསྔོག་འདོན་བྱ་ཆེད་འཕྲུལ་ཆས་མང་པོ་འཁྱེར་ནས་ཁོར་ཡུག་ལ་གནོད་པ་ཚབས་ཆེ་བཟོ་གི་ཡོད་ན་ཡང་།  ད་ལྟ་འབྲི་ཆུ་འགག་ནས་མང་ཚོགས་ཀྱི་སྡོད་ཁང་དང་། སློབ་གྲྭ། དགོན་པ་བཅས་ལ་གནོད་སྐྱོན་ཆེན་པོ་འབྱུང་བཞིན་པའི་སྐབས།རྒྱ་ནག་གཞུང་གིས་ས་རྐོའི་འཕྲུལ་ཆས་ཉི་ཤུ་ཙམ་མ་གཏོགས་མ་བཏང་པར་འབྲི་ཆུ་ཤར་གཏོང་མ་ཐུབ་པར་དུས་ཡུན་རིང་པོ་འགོར་བ་སོགས་ཀྱི་སྐྱོན་བརྗོད་བྱས་ཡོད་པ་རེད།  སྤྱི་ཚོགས་དྲ་ལམ་ཁག་ཏུ་ཁྱབ་བཞིན་པའི་བརྙན་པར་ཁག་གི་ནང་སྤོ་ལུ་དགོན་པ་ཆུ་འོག་ནུབ་ནས་དགོན་པ་ཆུས་འཁེངས་པ་བཤོལ་ཐབས་དང་གཙང་བཟོ་དགེ་འདུན་པ་ཚོ་དང་ས་གནས་བོད་མིས་བྱེད་བཞིན་པ་མཐོང་རྒྱུ་ཡོད་པ་ལས།  རྒྱ་ནག་གི་ཉེན་སྐྱོབ་དཔུང་དམག་སོགས་རྣམ་ཀུན་རྒྱ་ནག་གི་ས་ཁུལ་གཞན་ཡང་བྱུང་བའི་དོ་ཕོག་བྱུང་སར་དམག་མི་འབོར་ཆེ་གཏོང་སྲོལ་ཡོད་པ་དེ་རིགས་མཐོང་རྒྱུ་མིན་འདུག་ལ།  རྒྱ་ནག་གཞུང་འབྲེལ་གསར་ལས་ཁང་གིས་འབྲི་ཆུའི་གཙང་པོ་འགག་ནས་མང་ཚོགས་ཉེན་གཡོལ་དུ་གནས་སྤོ་བྱས་པ་ཙམ་ལས་བརྙན་པར་སོགས་འགྲེམ་སྤེལ་བྱས་པ་ཡང་མཐོང་རྒྱུ་མེད་པ་རེད།

ཉིན་ཤས་སྔོན་ས་གནས་ཡུལ་མི་གཞན་ཁག་ཅིག་གིས་གནས་ཚུལ་མཁོ་སྤྲོད་བྱས་པའི་ནང་དུའང་། འབྲི་ཆུ་མར་འབབ་མ་ཐུབ་པར་ཆུ་བསྐྱིལ་མཚེའུ་ཆེན་པོ་ཆགས་བཞིན་པ་དེ་རིམ་བཞིན་རྒྱ་བསྐྱེད་དུ་ཕྱིན་སྟེ་སྤོ་ལུ་དགོན་པའི་ལྷ་ཁང་ནང་གི་སྐུ་གསུང་ཐུགས་རྟེན་དང་། དགོན་པ་དེའི་གྲྭ་ཤག་མང་པོར་གཏོར་སྐྱོན་ཚབས་ཆེན་བཟོས་དང་བཟོ་མུས་ཡིན་པ་བརྗོད་ཡོད་པ་རེད། སྤོ་ལུ་དགོན་པའི་ནང་དགེ་འདུན་པ་བརྒྱ་སྐོར་ཞིག་ཡོད་པ་དང་། ཁོང་ཚོ་ཉེན་ཡོལ་ཆེད་གསེར་གཞུང་དགོན་པ་ནས་མར་ཡོང་སའི་སྡེ་ཞིག་ཡོད་པའི་སྤང་ཁར་གུར་ཕུབ་ནས་བཞུགས་བཞིན་ཡོད་འདུག
སྤོ་ལུ་དགོན་ནི་ས་སྐྱ་གོང་མ་རྣམ་གཉིས་ཀྱི་ཞལ་སློབ་དབེན་ཐོག་རྒྱ་བྱོན་པཀྴི་ཡིས་ཕྱག་བཏབ་སྟེ། འགྲོ་མགོན་ཆོས་རྒྱལ་འཕགས་པ་རྒྱ་ནག་ལ་ཕེབས་སྐབས་སྤོ་ལུ་དགོན་ལ་བཞུགས་ནས་རབ་ཏུ་གནས་ཏེ་རྟེན་གཙོ་བོ་ཐུབ་པ་གཟི་འོད་འབར་བ་གཅིག་དང་མགོན་པོ་གསུང་འབྱོན་གཅིག་ཡོད་པ་རེད། རིག་གནས་གསར་བརྗེའི་སྐབས་དགོན་པ་ལ་གཏོར་སྐྱོན་བཏང་ཡོད་ཀྱང། ཕྱི་ལོ ༡༩༨༠ འི་ནང་དགོན་པ་གསར་བཞེངས་བྱུང་བ་ཞིག་ཡིན་འདུག  ས་གནས་བོད་མི་ཚོས་དགོན་པར་ཆུ་སྐྱོན་མི་ཡོང་བའི་ཆེད་ཆུ་རག་རྒྱབ་པ་སོགས་བྱས་འདུག་ཀྱང་སྲུང་སྐྱོབ་ཐུབ་མེད་པ་དང་། ད་ཆ་སླར་ཡང་དགོན་པ་ཉམས་གསོ་བྱ་རྒྱུ་ལས་བྱ་ཐབས་གཞན་གང་ཡང་མེད་པ་བོད་མི་ཞིག་གིས་འདི་ག་རླུང་འཕྲིན་ཁང་ལ་བརྗོད་འདུག
འཇོ་མདའ་སྤོ་ལུ་ས་ཁུལ་དུ་དེ་ཉིན་ཕྱི་ཟླ་༡༠་ཚེས་༡༡་ཉིན་རི་ཉིལ་བའི་གནས་ཚུལ་ཐེངས་དང་པོ་བྱུང་ནས་འབྲི་ཆུའི་འགག་རྒྱུད་གཡས་གཡོན་དུ་གནས་པའི་བོད་མིའི་སྡེ་བ་མང་པོར་གནོད་སྐྱོན་ཚབས་ཆེན་ཐེབས་འགོ་བཙུགས་པ་རེད། རྒྱ་ནག་གཞུང་གིས་ཐེངས་འདིའི་རི་ཉིིལ་གྱིས་འབྲི་ཆུ་འགག་པའི་ཁྲོད་ས་གནས་ཡུལ་མི་ཉིས་ཁྲི་ལྔ་སྟོང་ལྷག་ས་གནས་གཞན་དུ་གནས་སྤོ་བྱེད་དགོས་བྱུང་བ་བརྗོད་ཡོད་པ་རེད།

source:https://www.rfa.org/tibetan/

 

ཐེངས་ 4216258 བཀླགས་འདུག