རྩོམ་པ་པོ་ཞོགས་དུང་གི་རྩོམ་ཡིག
རྒྱན་གོས་དེ་རིགས་བཏགས་པ་ཡིས་རྒྱན་གོས་དེ་རིགས་འདོགས་པོའི་བསམ་བློའི་ཆུ་ཚད་དམའ་བ་དང༌། ཤེས་རིག་གི་བློ་སྒོ་ཕྱེས་མེད་པ་གསལ་པོར་མཚོན་ཐུབ་པ་རེད། རྒྱན་གོས་ཅི་རིགས་འདོགས་རྒྱུར་དགའ་བ་ནི་འགྲོ་བ་མིའི་རིགས་ཀྱི་གདོད་མའི་དུས་ཀྱི་དགའ་ཕྱོགས་ཤིག་ཡིན་ཕྱིར་ཁོ་བོས་དེ་ཉིད་དུད་འགྲོ་ཟོག་གི་ཆ་ཞིག་ངོས་མི་འཛིན་ཐུ་མེད་རེད། དེ་ནི་གདོད་མ་ཞིག་དང༌། ལོ་རྒྱུས་ཤིག ཀླ་ཀློ་ཞིག མུན་འཐོམས་ཤིག དམུ་རྒོད་ཅིག རྗེས་ལུས་ཤིག ཤེས་རིག་མེད་པ་ཞིག བསམ་བློ་མེད་པ་ཞིག་སོགས་ལས་ཅི་ཡང་མཚོན་མི་ཐུབ་པས། འུ་ཚོས་ད་རུང་དེ་རིགས་རྒྱན་དུ་བཏགས་ན་ཡུལ་དུས་དང་ཅི་འདྲ་མི་མཐུན་པ་ཞིག་དང་ཆོས་ཉིད་རང་བཞིན་དང་ཅི་འདྲའི་འགལ་བ་ཞིག་རེད་ཨང༌། ཞེས་དང༌། དེ་བཞིན་ཁྱིམ་གྱི་རྒྱུ་ནོར་ཡོངས་རྫོགས་ལུས་ལ་གྱོན་ཏེ་འཆོར་པོ་ཡིན་སྙམ་པ་ནི་གནའ་མིའི་གླེན་རྟགས་ཡིན་པ་གཞིར་བཞག་དང༌། སྒོས་སུ། ད་ལྟ་བོད་མིའི་ཁྲོད་དུ་རྒྱན་ཆ་མཆོར་གོས་ལ་དགའ་བའི་རླུང་ཡན་སྔར་བའི་ཆེ་བ་ཞིག་གང་སར་གཡུག་གི་འདུག་པའི་ངང་ཚུལ་དེ་ནི། རྒྱན་ཆ་གཟབ་མཆོར་སྤྲས་པ་ཁོ་ནའི་ངོ་བོ་ལས་རབ་ཏུ་འགོངས་ཏེ་རྒྱུ་ནོར་ངོམ་སོ་སྟོན་པའི་རྟགས་མཚན་ཞིག་ལ་སླེབས་འདུག རྒྱུ་ནོར་ངོམ་སོར་སྟོན་པའི་འགྲན་བསྡུར་དེའི་ཁྲོད་དུ་བོད་ཀྱི་མི་ཁྱིམ་ཕལ་ཆེ་བ་འབྱོར་ཕྱུག་ཅན་དུ་འགྱུར་བའི་རེ་བ་ནམ་ཡང་མེད་དེ། ཁོ་ཚོར་ཟ་བཏུང་གྲོད་པ་འགྲངས་པའི་རྒྱགས་ཕྱེ་དཀོན་ནའང༌། ལུས་སེམས་ངལ་བ་བརྒྱ་ཕྲག་གིས་བཙལ་ཅིང་བསགས་པའི་སྒོར་མོ་ཡོད་ཚད་ཀྱིས་ཁོ་ཚོས་རྒྱན་ཆ་དང་མཆོར་གོས་སོགས་ཀླུབས་པའི་གཡུ་བྱུར་དང་སྲམ་ལྤགས་སོགས་ཉོས་ནས་ལོ་ཟླ་ཁོར་མོ་ཡུག་ལ་ཕུགས་ཀྱི་སྒམ་ནང་དུ་ཉར་བར་བྱེད། དེ་ལྟར་བཙོག་པ་འཁོར་རྒྱུག་བྱས་པའི་མཐའ་མ་ལ། ཁོ་ཚོར་ཤུལ་དུ་ལུས་ཡོད་པ་ནི་རྒྱུ་ནོར་ཤི་རོ་ཙམ་ལས་ཅི་ཡང་ལྷག་ཡོད་པ་མ་རེད་”ཅེས་དང༌། “གཞུང་པས་ནོར་འཁྲུལ་གྱི་དྲིལ་བསྒྲགས་དེ་ཇི་ལྟར་མུ་མཐུད་དུ་རྒྱུན་བསྲིངས་ཤིང༌། སྒེར་མིའི་གླེན་རྟགས་ཀྱི་བྱེད་སྒོ་དེ་བཅོས་སྒྱུར་བྱ་བའི་སྐབས་མེད་ན། བོད་མིས་བསགས་པའི་རྒྱུ་ནོར་ཐམས་ཅད་ཚེ་ཚེ་རབས་རབས་སུ་གཞན་གྱི་ལག་ལ་འཆོར་ངེས་པ་མ་བཤད་དང༌། སྲམ་གཟིག་སྟག་ལྤགས་ཉོས་པ་གཅིག་པུའི་ངོས་ནས་ཀྱང་བོད་མི་རིལ་རིལ་པོས་ས་སྒང་འདིའི་ཉེས་ཅན་དུ་འགྱུར་ཉེན་འདུག་སྟེ། ད་ལྟ་འཛམ་གླིང་ཧྲིལ་པོར་སྔོན་ཆད་མ་བྱུང་བའི་ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་འགུལ་ཚ་འུར་ཆེ་བ་ཞིག་ལང་གི་འདུག་ཅིང༌། རི་ཆུ་དང་རྩྭ་ས། ནགས་ཚལ་སོགས་གཅེས་སྲུང་གིས་རང་བྱུང་ཁོར་ཡུག་སྲུང་སྐྱོབ་གང་ལེགས་དང༌། རི་སྐྱེས་སྲོག་ཆགས་གང་ཡང་མིའི་ཚེ་སྲོག་གི་འདུ་ཤེས་བཟུང་ནས་བསད་མི་ཆོག་པར་སའི་གོ་ལའི་སྒང་གི་སྣོད་བཅུད་དོ་མཉམ་ཡོང་དགོས་པའི་འབོད་སྐུལ་ཡང་ཡང་སྒྲོག་གི་འདུག སྐབས་འདིར། བོད་མི་རྣམས་ཀྱིས་སྲམ་ལྤགས་དང་སྟག་ལྤགས། གཟིག་ལྤགས་དང་ཝ་ལྤགས་སོགས་ཉོ་ཚོང་གི་སྡིག་ལས་དེའི་རྔ་མ་སྔར་བཞིན་མ་བཏང་བ་ཡིན་ན། ནམ་ཞིག་སའི་གོ་ལའི་སྟེང་གི་སྡེ་བ་ཡོངས་རྫོགས་ལངས་ནས་བོད་མའི་གླེན་རྟགས་ལ་འདྲི་གཅོད་ཚ་ནན་བྱེད་དུས། འུ་ཚོས་ལན་ཅི་ཞིག་གདབ་བམ་”ཞེས་སོགས་འཁོད་ཡོད་པ་རེད།
རྒྱན་ལྤགས་སྲེག་སྦྱོར་གྱི་ལས་འགུལ་འདི་ནི་རླབས་ཆེན་གྱི་ལས་འགུལ་ཞིག་རེད། རྒྱུ་མཚན་ནི། འུ་ཚོའི་མཛེས་དཔྱོད་ལྟ་ཚུལ་རྙིང་པ་རྨང་ནས་འགྱུར་བའི་འགོ་ཚུགས་ཤིང༌། མ་བརྗེ་ཐུ་མེད་ཀྱི་རིག་གནས་བསམ་བློ་གསར་སྒྱུར་འབྱུང་བའི་འབྲས་རྟགས་སུ་མཐོང་བས་དགའ་འོས་པ་ཞིག་རེད།
རྒྱན་ལྤགས་སྲེག་པའི་ལས་འགུལ་འདི་ནི་གཟི་བརྗིད་ཀྱི་ལས་འགུལ་ཞིག་རེད། སོ་སོའི་རྒྱུ་ནོར་ཡོད་ཚད་བསྟིམས་པའི་རྒྱན་ལྤགས་རིགས་སེར་སྣ་མེད་པར་ཐལ་བར་སྲེག་པ་དེས་ཁོར་ཡུག་དང་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་བྱེད་པའི་ཆོད་སེམས་ཤིག་བསྟན་པ་དང༌། མི་རྣམས་ཞི་བདེ་ཚུལ་མཐུན་དང་ཡ་རབས་ཀྱི་ལུགས་ལ་དགའ་བའི་སྐྱེས་བུ་ཆེན་པོའི་ལྟ་སྤྱོད་མཚོན་པ་ཡིན་ཕྱིར། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཀྱང་དྲིལ་བསྒྲགས་དང་དགའ་རྟགས་གནང་རིན་ཡོད་པར་སེམས།
ལས་འགུལ་འདི་ནི་ཞི་བདེའི་དུས་སྐབས་ཀྱི་དམག་འཁྲུག་ཅིག་རེད། དམག་འཁྲུག་དེ་གཞན་ལ་བརྒྱབ་པ་མ་ཡིན་པར་རང་གིས་རང་ལ་བརྒྱབ་པ་སྟེ། ངན་གོམས་སུ་སོང་བའི་མཛེས་དཔྱོད་ལྟ་ཚུལ་རྙིང་པ་དང༌། རིན་ཐང་ལྟ་ཚུལ་རྙིང་པ། གདུག་རྩུབ་ཀྱི་རང་བཞིན། སེར་སྣའི་སེམས་བྱུང༌། ངོམ་ཤོམ་འདུ་ཤེས་སོགས་ཀྱིས་བཟུང་བའི་རང་སེམས་ལ་འཐབ་མོ་སྦྲན་པ་རེད། བག་ཆགས་དེ་སོགས་ལ་རྒོལ་བ་ནི་དཔའ་བོའི་སྙིང་སྟོབས་རེད། འུ་ཚོའི་མང་ཚོགས་ཀྱིས་རང་གི་འབག་རྫོབ་ཆེ་བའི་བག་ཆགས་ལ་འཐབ་རྩོད་བྱེད་ཕོད་པ་དང༌། འུ་ཚོའི་མི་མང་གིས་རང་གི་སྐྱུག་བྲོ་བའི་སྤྱོད་སྟངས་ལ་ལས་འགུལ་སློང་ནུས་པ་འདིས། ཁོང་ཚོར་ཁྱད་དུ་འཕགས་ཤིང་མཆོག་ཏུ་གྱུར་པའི་གཤིས་རྒྱུད་ལྡན་པ་གསལ་བཤད་ཡང་དག་བྱས་འདུག ཡ་རབས་ཀྱི་དོན་ལ་ཐེ་ཚོམ་མེད་པར་འཇུག་པའི་དཔའ་བོའི་བློ་སྤོབས་མངའ་བ་འདི་ནི་དངོས་གནས་ཡ་མཚན་པོ་རེད་ལ་ཧ་ལས་པའང་རེད། དེ་ཡང་འུ་ཚོ་ནི་གནའ་རབས་བཙན་པོ་དག་གི་གདུང་རྒྱུད་ཡིན་པ་མཚོན་ནི་ཡིན་གྱི་རེད། བློ་སྤོབས་དང་སྙིང་སྟོབས་དེ་འདྲ་མངའ་ན་འཇིག་རྟེན་འདིར་མི་འགྲུབ་པའི་བྱ་བ་གང་ཡང་མེད་ཅེས་ཁ་ཚོན་བཅད་ཆོག་ཅིང༌། འུ་ཚོར་རེ་བ་ཡོད་པའང་འདིའི་ཤུགས་ལས་ཤེས་”ཞེས་དང༌།
དེ་བཞིན་ལྡོག་ཕྱོགས་ནས་དཔྱད་བརྗོད་སྤེལ་པ་དེའི་ནང་འཁོད་དོན། “ལས་འགུལ་འདིར་དཔྱོད་ཤེས་ཀྱིས་མ་བཟུང་བའི་འུར་ཟིང་གི་ཆ་ཞིག་འདུག་སྟེ། འགའ་ཞིག་རི་བོང་ཅལ་འདྲོགས་ལྟ་བུས་འཇུག་པ་དང༌། འགའ་ཞིག་བྱ་བརྒྱ་རྡོ་སྤུར་ལྟ་བུས་འཇུག་པ། སྐོར་ཞིག་སྟོན་ལོ་རླུང་ཁྱེར་ལྟ་བུས་འཇུག་པའང་ཡོད་འདུག དྲག་འདྲོགས་འུར་ཞོགས་ཀྱི་ཤས་ཆེ་བའི་ལས་འགུལ་འདི་མ་བྱུང་སྔོན་ལ། བྲིས་རྩོམ་དང་དྲིལ་བསྒྲགས་ཀྱི་ནུས་པས་མི་རྣམས་ལ་རྒྱན་ལྤགས་མཁོ་མེད་ཀྱི་ངེས་ཤེས་ཅུང་ཟད་རེ་སྐྱེས་སུ་བཅུག་ཡོད་ལས་ཆེ་ནའང༌། ཤིང་སྐམ་མེ་འཕྲད་ལྟར་གྱུར་པའི་བྱེད་རྐྱེན་ཉག་གཅིག་ནས་དུས་དབང་ཆེན་མོའི་སྐབས་ཀྱི་རྒྱལ་བའི་བཀའ་གསུང་ལན་གཅིག་དེ་རེད། ཚུལ་འདིར་བླུན་པོ་དད་པའི་རྗེས་འབྲངས་ཀྱི་ཆ་ཞིག་ཅིས་ཀྱང་འདུག་སྟེ། མི་མང་ཆེ་བར་བསམ་གཞིགས་ཀྱི་ནུས་པ་ཞན་པས་སོ་སོ་གང་ལ་མོས་པའི་སྐྱེས་བུ་ཡི་གཏམ་སྤྱོད་ཀྱི་རྗེས་སུ་འབྲངས་པ་ཆོས་ཉིད་ཅིག་དང༌། འཁྲིད་མཁན་ལེགས་ན་ཁོང་ཚོ་ལེགས་ལམ་དུ་འགྲོ་ཞིང་འཁྲིད་མཁན་ཉེས་ན་ཁོང་ཚོ་ཉེས་ལམ་དུའང་ཕྱིན་པ་སླ། འུ་ཚོའི་མི་མང་ཆེ་བ་ནམ་ཡང་ཟེར་རྗེས་འབྲངས་མཁན་ཡིན་ཕྱིར། ཆོས་ལུགས་ཀྱི་མཐོ་རིམ་མི་སྣ་དང་རྗེ་དཔོན་སོགས་ཀྱིས་མ་བསྐུལ་ཚེ་རང་སེམས་ལ་ཉི་མ་ཤར་དཀའ་ཚོད་གདའ། ཁ་བ་ཅན་གྱི་དོན་རྣམས་ཆོས་ཀྱིས་མ་གཏོགས་མི་འགྲུབ་པ་བསམ་དུས་སྐྱོ་རྒྱུ་འདུག་ཅིང༌། བསམ་མེད་ཤེས་དམན་རྣམས་ཀྱི་ལེགས་ཆ་གཅིག་པུ་སྟེ་ཆུ་སྣ་གར་ཁྲིད་བྱེད་ཆོག་པ་དྲན་དུས་དགའ་རྒྱུའང་འདུག ང་ཚོས་དགའ་སྐྱོ་འདྲེས་མའི་སེམས་ཀྱིས་འུ་ཚོར་དཔྱོད་ཤེས་དང་རིགས་ཤེས། རིག་གནས་དང་བསམ་བློ་དགོས་ཚུལ་ལ་སྐད་ཤུགས་ཀྱིས་རྒྱག་དོན་ནི་དོན་དག་འདི་དང་འདི་འདྲ་ལ་འཕྲད་དུས་དྲག་འདྲོགས་ཤོག་འུར་མི་ལང་བར་སོ་སོའི་སེམས་གཏིང་ནས་ཁོ་ཐག་ཆོད་པ་དང༌། བསམ་ཤེས་དྲན་ཤེས་ཤིག་བྱུང་བར་རེ་བ་སྟེ་དཔྱད་ཤེས་རྒྱང་འབོད་བྱེད་པའང་གནད་འདི་སོགས་ལ་ཐུག་ཡོད་”ཅེས་སོགས་འཁོད་ཡོད་པ་རེད།ག
ཐེངས་ 42395 བཀླགས་འདུག