མཐོ་སྒང་དུ་མ་གཏོགས་མེད་པའི་དངོས་རིགས་ཤིག
རྒྱུན་ཤེས་ཆུང་ཆུང་།
འཛམ་གླིང་རང་བྱུང་སྲུང་སྐྱོབ་མནའ་འབྲེལ་ཚོགས་པ་(IUCN)ནི་འཛམ་གླིང་སྟེང་གཞི་རྒྱ་ཆེས་ཆེ་བ་དང་ལོ་རྒྱུས་ཆེས་རིང་བའི་གོ་ལ་ཅན་གྱི་རྩ་འཛུགས་ཤིག་ཡིན་པ་མ་ཟད།རང་བྱུང་ཁོར་ཡུག་སྲུང་སྐྱོབ་དང་རྒྱུན་མཐུད་འཕེལ་རྒྱས་ཀྱི་ཁྱབ་ཁོངས་སུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཡུན་གནས་ལྟ་དཔྱད་པར་བྱས་པའི་རྒྱལ་སྤྱིའི་རྩ་འཛུགས་འབའ་ཞིག་ཡིན། དེའི་བྱས་རྗེས་གཙོ་བོ་ནི་རྩ་མེད་དུ་འགྲོ་ཉེནཡོད་པའི་དངོས་རིགས་ཀྱི་དཀར་ཆག་དམར་པོ(IUCN)སྒྲིག་སྟེ།དངོས་རིགས་ཀྱི་གྲངས་འབོར་ཉམས་རྒུད་དུ་འགྲོ་བའི་མགྱོགས་ཚད་དང་དངོས་རིགས་བསྡོམས་
འབོར། ཁྱབ་ཁོངས། ཁྱུ་ཚོགས་ཁ་གྲམ་ཚད་སོགས་གཞིར་བཟུང་ནས་དངོས་རིགས་སྲུང་སྐྱོབ་ལ་རིམ་པ་དགུ་དབྱེ་ཡོད་དེ། ཆེས་མཐོ་བའི་རིམ་པ་ནི་རྩ་མེད་དུ་སོང་ཟིན་པ་དང་བྱེས་སུ་རྩ་མེད་དུ་འགྲོ་བ་དེ་ཡིན།། ཉེན་ཁ་ཚབས་ཆེན་ལ་ཐུག་པ་དང་ཉེན་ཁར་ཐུག་ཉེན་ཡོད་པ།ཉེན་ཁ་ཐུག་སླ་བ་བཅས་རིམ་པ་གསུམ་པ་དེ་ལ་སྤྱིར་བཏང“འཇིགས་སྐུལ་ཐེབས་པ”ཞེས་འབོད།གཞན་པ་རྣམས་གོ་རིམ་ལྟར། ཉེན་ཁ་ཐུག་ཉེ་ཡོད་པ་དང་ཉེན་ཁ་མེད་པ། གཞི་གྲངས་གིས་མི་འདང་བ། འདེང་ཚོད་བྱེད་མེད་པ་བཅས་ཡིན། རང་རྒྱལ་གྱིས་དངོས་རིགས་ཐུམ་ཤོག་དམར་པོའི་ཡིག་ཆ་བསྒྲིགས་པ་མ་ཟད་རྩ་མེད་དུ་འགྲོ་བཞིན་པའི་རི་སྐྱེས་སྲོག་ཆགས་རྣམས་རིམ་པ་དང་པོའི་སྲུང་སྐྱོབ་ཁོངས་སུ་བཞག་ཅིང་།གྲངས་ཀ་ཅུང་ཉུང་བ་དང་རྩ་མེད་དུ་འགྲོ་བའི་ཉེན་ཁ་ཡོད་པའི་སྲོག་ཆགས་རིམ་པ་གཉིས་པའི་སྲུང་སྐྱོབ་བྱ་རྒྱུའི་ཁོངས་སུ་བཞག་པའི་བྱེད་ཐབས་ལག་བསྟར་བྱས།བོད་ལྗོངས་རི་སྐྱེས་དངོས་རིགས་ཀྱི་སྣ་མང་རང་བཞིན་ནི་ཡུན་ནན་དང་སི་ཁྲོན་ལས་ཅུང་དམན་ཏེ་རྒྱལ་ཡོངས་ཀྱི་ཨང་གསུམ་པའི་གྲས་སུ་གནས་ཀྱང་།སྲུང་སྐྱོབ་འདུ་ཤེས་དམན་པས་དབང་གིས་རྔོན་པ་དང་འཛིན་གསོད་ཀྱི་གནས་ཚུལ་ཅུང་ཚབས་ཆེན།ལྷག་པར་ཏུ་དུས་རབས༢༡པའི་ཡར་སྔོན་ལ་སྲོག་ཆགས་ཀྱི་གྲངས་ཀ་ཇེ་ཉུང་དུ་སོང་ནས་རྩ་མེད་དུ་འགྲོ་བའི་ཉེན་ཁར་ཐུག་ཡོད།དེ་བས་སྲོག་ཆགས་དང་སྐྱེ་དངོས་ཀྱི་སྣ་མང་རང་བཞིན་སྲུང་སྐྱོབ་བྱེད་ཆེད་རི་སྐྱེས་སྲོག་ཆགས་མང་པོ་རྒྱལ་ཁབ་རིམ་པའི་སྲུང་སྐྱོབ་གྲས་སུ་བཞག་ཡོད་དེ།དཔེར་ན།གཡག་དང་གསའ།ལྷོ་ཕྱོགས་སུ་སྤོ་བཞིན་པའི་ཁྲུང་ཁྲུང་སྐེ་ནག་སོགས་དངོས་རིགས་ཀྱི་གྲངས་ཀ་མང་པོ་ཡོད་ན་ཡང་དེ་ལ་ཐེབས་པའི་སྲུང་སྐྱོབ་ནི་གཏན་ནས་འདང་གི་མེད་དེ།།དེ་རིང་གི་བརྗོད་བྱ་གཙོ་བོ་ནི་དེ་དེག་གི་གྲས་ཀྱི་བོད་རྐྱང་ཟེར་བ་དེ་ཡིན།
༡བོད་རྐྱང་།
མིང་གཞན་ལ་རྐྱང་ཡང་ཟེར། ལ་ཐིང་མིང་ལ Equus kiang ཟེར། དེ་ནི་རྨིག་ཅན་གྱི་རིགས་དང་རྟ་རིགས་ཨང་གཉིས་པ་ཡིན་ཏེ།མཚོ་བོད་མཐོ་སྒང་དུ་མ་གཏོགས་མེད་པའི་དམིགས་བསལ་གྱི་དངོས་རིགས་སྟེ་འཛམ་གླིང་རང་བྱུང་སྲུང་སྐྱོབ་མནའ་འབྲེལ་ཚོགས་པའི་ཉེན་ཁར་ཐུག་སླ་བ་དང་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོབ་བྱ་རྒྱུའི་སྲོག་ཆགས་ཡིན།བོད་རྐྱང་མ་གཞིར་མཚོ་བོད་མཐོ་སྒང་ལ་གནས་ལ།ད་ལྟ་ཀྲུང་གོའི་ནུབ་ཁུལ་དང་བལ་པོ།ཧིན་རྡུའི་བྱང་ཁུལ་ལ་ཁྱབ་ཡོད།གཟུགས་དབྱིབས་ནི་བོང་བུ་དང་རྟ་གཉིས་རྒྱུད་འདྲེས་སྡེབ་སྦྱོར་བྱས་ནས་སྐྱེས་པའི་དྲེའུ་དང་མཚུངས།རྔ་མ་རྟ་རྔ་དང་འདྲ་བའི་རྐྱེན་རྟ་ཡང་འབོད་སྲོལ་ཡོད།དངོས་རིགས་དེ་ནི་མཐོ་སྒང་ཅན་གྱི་སྲོག་ཆགས་ཡིན་པས།མཚོ་དངོས་ལས་མཐོ་ཚད་སྨི་༣༦༠༠ནས༥༤༠༠ཡི་ས་ཁུལ་ལ་ཁྱུ་ཚོགས་བྱས་ནས་བསྡད་ཡོད། གྲང་ངར་དང་ཉི་སྲེག ཁ་བ་བུ་ཡུག་སོགས་ལ་བཟོད་བསྲན་ཆེས་ཆེར་ལྡན།སྤྱིར་རྐྱང་ལྔ་དྲུག་གིས་ཁྱུ་ཚོགས་ཆུང་ཆུང་ཅིག་གྲུབ་ཡོད་པ་དང་བཅུ་ཡན་གྱིས་ཁྱུ་ཚོགས་ཆེན་པོ་ཞིག་གྲུབ། ཁྱུ་ཚོགས་ཆེས་ཆེ་བར་རྐྱང་བརྒྱ་གྲངས་ལྷག་ཡོད། རྐྱང་ཕོ་དང་རྟ་སྡེབ་སྦྱོར་བྱས་ནས་དྲེའུ་སྐྱེས་པ་རེད།།
བོད་རྐྱང་གི་གཟུགས་ཀྱི་རིང་ཚད་ལ་ལི་སྨི༡༨༢ནས༢༡༤དང་།རྔ་མའི་རིང་ཚད་ལ་ལི་སྨི༣༢ནས༤༥ ཡོད། ཕྲག་པའི་མཐོ་ཚད་ལ་༡༣༢ནས༡༤༢དང་། ལྗིད་ཚད་སྤྱི་རྒྱ་༡༥༠ནས༤༠༠་ཡོད་དེ། བོང་བུ་དང་བསྡུར་ན་ཤ་ཤེད་རྒྱས་པ་མ་ཟད་གཟུགས་སྟོབས་ཀྱང་ཆེ་བ་ཡོད།རྐྱང་གི་མགོ་ཐུང་ཞིང་ཞེང་ཆེ་མ་ཟད་མཆུ་སྒྲོས་ནི་ཅུང་སྒོར་ཞིང་རྟུལ་བ་ཡིན།རྣ་ཅོག་གི་རིང་ཚད་ལི་སྨི་༡༧༠ལྷག་ཡོད།རྨིག་པ་ནི་དོག་ཅིང་མཐོ་བ་དང་སྐེའི་ཟེ་རྔོག་ཐུང་ཞིང་དྲང་བ།རྔ་མའི་ཟེ་རྔོག་ནི་རྔ་སྨད་དམ་རྔ་རྩེའི་1/3གི་བར་ལ་སྐྱེས་ཡོད། མཆུ་སྒྲོས་མདོག་ནི་འོ་དཀར་ཅན་ཡིན། གཟུགས་པའི་རྒྱབ་ལ་རྫ་མདོག་གམ་ཁམ་ནག་མངོན།དབྱར་ཁའི་སྤུ་མདོག་ཅུང་ནག་པོ་ཡིན། སྤུ་མདོག་གི་ཚོས་གཞི་ཟབ་ཅིང་སྨུག་ནག་ཅན་ཡིན། ཕྲག་པའི་ཕྱི་ཕྱོགས་ཀྱི་གཞོགས་སོ་སོ་ལ་ཁྲ་ཐིག་ཁམ་མདོག་ཅན་མངོན་གསལ་ཞིག་ཡོད་པ་དང་།ཕྲག་པའི་རྒྱབ་ངོས་དེ་ལ་དཔེ་མཚོན་ཅན་གྱི་ཁྱིའུ་དབྱིབསཀྱི་་ཐིག་ལེ་དཀར་པོ་ཞིག་ཡོད། ཐིག་ལེ་དེའི་གསུས་ཟུར་སྔོན་མ་ནི་གཞུ་དབྱིབས་ཅན་དང་།གསུས་ཁུག་དང་སུག་ལག་བཞིའི་ནང་གི་གཞོགས་དེར་མདོག་དཀར་པོ་མངོན།གསུས་ཁུག་གི་སྐྱ་མདུག་ཁུལ་མངོན་གསལ་གྱི་ལུས་པོའི་གཞོགས་གཉིས་སུ་རྒྱས་པ། སུག་ལག་བཞིའི་ཕྱིའི་གཞོགས་དེར་མདོག་ཁམ་སྐྱ་མངོན་པ་དང་།དཔུང་པའི་མདོག་དཀར་པོ་དང་མཐའ་འཁོར་གྱི་སྤུ་མདོག་གཉིས་མཉམ་དུ་འདྲེས་ནས་དབྱེ་མཚམས་མེད། སྤྱིར་བཏང་དབྱར་ཁའི་སྤུ་མདོག་ཅུང་ཟབ་པ་དང་དགུན་ཁའི་སྤུ་མདོག་ཅུང་སྐྱ་བ་ཡིན།ན་སོ་གཞོན་པའི་རྐྱང་གི་སྤུ་མདོག་གཙོ་བོ་་སྨུག་ནག་ཡིན་ཏེ། རྣ་རྩེ་དང་སྒལ་ཐིག ཟེ་རྔོག རྔ་རྩེའི་སྤུ་མདོག་ཀྱང་ཅུང་ཟབ་པ་དང་། མཆུ་སྒྲོས་ཡར་མ་དང་སྐེའི་འོག བྲང་ཁ གསུས་ཁུག སུག་ལག་བཞི་སོགས་ཀྱི་སྤུ་མདོག་ནི་དཀར་པོ་ཡིན་པས་གཟུགས་པོའི་གཞོགས་གཉིས་ཀྱི་ཁ་མདོག་ནི་མངོན་གསལ་དོལ་པོ་ཡིན། རྐྱང་ཕྲུག་གི་སྤུ་མདོག་ནི་ཅུང་ཟབ་ཅིང་བྱེ་མའི་མདོག་དང་མཚུངས།
རྐྱང་གི་མཐོང་ཚོར་དང་ཐོས་ཚོར། སྣོམ་ཚོར་བཅས་རྣོན་པོ་ཡོད།མ་གཞི་དཔའ་ཁོག་ཆུང་ཆུང་ཡིན་པས།གལ་སྲིད་ཁོ་ཚོར་འཇིགས་སྐྲག་གམ་དགྲ་དང་མིའི་རིགས་ཀྱི་འཇིགས་སྐུལ་ཐེབས་དུས་ལྷན་སྐྱེས་ཀྱི་འཚོ་གནས་བྱེད་པའི་ནུས་པའི་དབང་གིས་ཁོ་ཚོ་མཚོ་ངོས་ལས་མཐོ་ཚད་སྨི་སྟོང་བཞི་ལྔ་ཡོད་པའི་མཐོ་སྒང་དུ་ཆུ་ཚོད་རེར་སྤྱི་ལི༥༠ཡི་མྱུར་ཚད་ལ་བརྟེན་ནས་ཉེན་ཁ་དང་བྲལ་ཐུབ།རྩྭ་ཟ་བ་དང་ངལ་གསོའི་དུས་ལ་ཡང་མགོ་ཕྱིར་འཁོར་ནས་གོར་གོར་རམ་གདུགས་ལྟ་བུའི་སྒོར་དབྱིབས་ཤིག་གྲུབ་སྟེ་དུས་དང་རྣམ་པ་ཀུན་ཏུ་དོགས་ཟོན་བྱེད་གྱིན་ཡོད།ཚོར་བ་རྣོན་པོ་ལ་བརྟེན་ནས་སྨི་ལྔ་བརྒྱ་དྲུག་བརྒྱའི་སར་ཡོད་པའི་འཇིགས་སྐུལ་ལམ་སྲོག་ཆགས་གཞན་པའི་འགྲོ་སྐྱོད་ཚོར་ཐུབ་ཀྱིན་ཡོད་པས།མིའི་རིགས་ཀྱིས་ཁོ་ཚོའི་ཉེ་འགྲམ་དུ་བཅར་བ་ནི་ཧ་ཅང་དཀའ།ཁོ་ཚོ་རླངས་འཁོར་དང་བང་རྩལ་འགྲན་པར་ཧ་ཅང་དགའ་པོ་ཡོད་དེ་སྔོན་ལ་སླེབས་དུས་མགོ་ཕྱིར་འཁོར་ནས་མིག་ཅེ་རེར་བལྟས་ནས་འདུག་པ་དང་དེ་ནས་བསྐྱར་དུ་རྒྱུག་པ།དེ་ལྟར་རྒྱུག་ཙམ་སྡོད་ཙམ་གྱི་གོམས་གཤིས་ཡོད་པའི་རྐྱེན་གྱིས་རྔོན་པས་རྐྱང་གི་གོམས་སྲོལ་དེ་ལ་བརྟེན་ནས་རྐྱང་འཛིན་གསོད་བྱེད་གྱིན་ཡོད། སྐད་རྒྱག་དུས་མགྲིན་བཟང་བོང་བུ་ལྟར་སྐད་གསང་མཐོན་པོ་མེད་ཀྱང་སྣ་ཁུང་ནས་ཐོན་པའི་སྣ་སྒྲ་བོང་བུ་དང་འདྲ་པོ་ཡོད།
རྐྱང་ནི་མཐོ་གྲང་ཐང་རྒོད་ཀྱི་ས་ཁུལ་ལ་གནས་ཏེ།དབྱར་དུས་མཚོ་ངོས་ལས་མཐོ་ཚད་སྨི༥༠༠༠ལྷག་གི་རི་མཐོན་པོར་འཚོ་བ་དང་།དགུན་དུས་མཚོ་ངོས་ལས་མཐོ་ཚད་ཅུང་དམའ་བའི་སར་གནས། ས་རླན་གཤོང་སའི་རྩ་འཇག་མ་དང་སྔོ་དྲེག རྩ་མཁན་པོའི་རིགས་ཟ་རྒྱུར་དགའ་པས་དེ་དག་ནི་ཁོ་ཚོའི་བཟའ་ཆས་གཙོ་བོ་ཡིན།བཟའ་ཆས་དཀོན་པ་མ་གཏོགས་ཆར་ཆུ་མེད་དུས་ཉིན་འགའ་ཤས་ལ་ཆུ་ཐིགས་གཅིག་ཙམ་ཡང་མ་རེག་པའི་དུས་ཀྱང་ཡོད།འོན་ཀྱང་ཁོ་ཚོས་མཐོ་སྒང་གི་གདུག་རྩུབ་ཀྱི་ཁོར་ཡུག་ལ་བསྟུན་ཐུབ། སྤྱང་གྲུང་ལྡན་པའི་རྐྱང་རྣམས་ཀྱིས་ས་ངོས་དང་ཉེ་བའི་ས་འོག་ཆུའི་གནས་བཙལ་ཏེ་རྨིག་པས་ཁྲོན་པ་སྔོག་པས་བྱེ་ཐང་དུ་སྨི་ཕྱེད་ཙམ་གྱི་ཆུ་དུང་མང་པོ་ཡོད་པ་གནས་འདིའི་འབྲོག་པ་རྣམས་ཀྱིས“རྐྱང་ཁྲོན”ཞེས་འབོད།་ཁྲོན་པ་དེ་དག་གིས་རང་ཉིད་ཀྱི་དགོས་མཁོ་འདང་བ་མ་ཟད། གཙོད་སོགས་སྲོག་ཆགས་གཞན་རྣམས་ལ་ཡང་ཕན་ཐོགས། ཉིན་མོའི་དུས་མང་ཆེ་བར་ཆུ་ཁུངས་ཀྱི་མཐའ་འཁོར་རུ་འདུས་ནས་གཟན་ཆས་འཚོལ་བ་དང་ངལ་གསོ་ཞིང་ཕྱི་དྲོའི་དུས་སུ་ཐང་རྒོད་དུ་ལོག་པ་ཡིན། སྡོད་གནས་ནས་ཆུ་ཁུངས་ཡོད་སའི་རྩ་རྭའི་བར་ཉིན་རེར་སྤྱི་ལི་༢༠ལྷག་རྒྱུག་དགོས་ལ་སྐབས་རེར་གཙོད་སོགས་རྨིག་པ་ཁ་དབྲག་ཅན་གྱི་སྲོག་ཆགས་དང་མཉམ་དུ་འཚོ་སྟེ་མཐོ་རིའི་རྩི་ཤིང་གཟན་ཆས་བྱས་ནས་བསྡད་དེ་ཉིན་འགའ་ཤས་ལ་ཆུ་མ་བཏུང་ན་ཡང་ཆོག
བོད་རྐྱང་ནི་མཐོ་སྒང་ཅན་གྱི་སྲོག་ཆགས་ཡིན་ཞིང་མཚོ་ངོས་ལས་མཐོ་ཚད་སྨི༣༦༠༠ནས༥༤༠༠ཡི་ས་ཁུལ་ན་་གནས་ཡོད། ཟླ་བ་ལྔ་པའི་ཟླ་དཀྱིལ་ནས་བཟུང་སྤུ་བརྗེ་མགོ་ཚུགས་ཀྱིན་ཡོད་ལ་ཟླ་བ་བརྒྱད་པའི་ཟླ་དཀྱིལ་ལ་སླེབས་དུས་གཟུགས་པོ་ཡོངས་ཀྱི་སྤུ་ཐེངས་གཅིག་བརྗེས།དེ་མ་ཟད་ཤ་ཤེད་རྒྱས་པ་དང་སྤོ་འགུལ་གྱི་ཁྱབ་ཁོངས་རིམ་བཞིན་རྒྱ་ཆེར་བཏང་ནས་སྟོན་མཇུག་གི་དུས་སུ་ཡང་རིམ་བཞིན་ཚུར་འདུས་གྱིན་ཡོད། རྐྱང་རྣམས་ཁྱུ་ཚོ་བྱེད་རྒྱུར་དགའ་བའི་རྐྱེན་གྱིས་ས་ཁུལ་དེའི་རྩྭ་ཆུ་འཛོམས་ཚད་དང་ཁྱུ་ཚོགས་གྲངས་འབོར་ལ་བརྟེན་ནས་ཉུང་ཤས་རྐྱང་ལྔ་དྲུག་གམ་བཅུ་ལྷག་གིས་ཁྱུ་ཚོ་གཅིག་གྲུབ་སྟེ་རྐྱང་ཕོ་ཡིས་སྣེ་ཁྲིད་པ་དང་། ཁྱུ་ཚོགས་མང་བོར་བརྒྱ་ལྷག་གིས་གྲུབ་ཡོད།ཁྱུ་ཚོགས་མང་པོ་མཉམ་དུ་འདུས་དུས་རྐྱང་ཕོ་ཕན་ཚུན་གྱིས་དབང་ཆའི་ཆེད་དུ་འཛིང་བ་ནི་གཡོལ་ཐབས་མེད་པ་ཞིག་ཡིན། ཁོ་ཚོས་སོ་སོའི་ཁྱུ་ཚོགས་ནང་གི་ཐོབ་ཐང་གི་ཆེད་དུ་ཕ་རོལ་པོ་མཐར་སྤྲོད་ཅི་ཐུབ་བྱེད།རྐྱང་ཕོ་རྣམས་སྔོན་དང་མོ་རྣམས་རྗེས། བར་ལ་རྐྱང་ཕྲུག་བཅས་གྲལ་འགྲིག་པོའི་བགྲོད་གྱིན་ཡོད་པས་ལམ་ཤུལགསལ་པོ་ཅིག་གྲུབ་ཡོད། རྐྱང་རྣམས་ཁྱུ་ཚོགས་འཚོ་བར་དགའ་པོ་ཡོད་པས་རྐྱང་ཕྲུག་སྐྱེས་མ་ཐག་ཕ་ཡུལ་དང་བྲལ་མི་འདོད་པར་ཕ་ཡུལ་ལ་བརྩེ་བ་ཆེན་པོ་ཡོད།གལ་སྲིད་རང་བྱུང་གནོད་འཚེ་དང་དགྲ་ཡི་གནོད་པ་མ་ཐེབས་ན་བརྟན་སྡོད་ཀྱི་ཡུལ་ཁོངས་ལས་གཞན་དུ་གནས་སྤོ་མི་བྱེད།
བོད་རྐྱང་གི་འཚོ་བ་དེ་སྲོག་ཆགས་གཞན་པ་དང་འདྲ་བར་མིའི་རིགས་ཀྱིས་ཚད་ལས་བརྒལ་བའི་ཕྱུགས་འཚོ་བ་དང་རི་གཏེར་སྔོག་པ། ཁྲིམས་འགལ་ལྐོག་རྔོན་སོགས་ཀྱི་གནོད་པའི་རྐྱེན་གྱིས་དེའི་རིགས་ཀྱི་གྲངས་འབོར་འཕྲལ་དུ་ཇེ་ཉུང་ལ་སོང་བས།དེ་ལ་སྲུང་སྐྱོབ་བྱེད་ཆེད《རྩ་མེད་དུ་འགྲོ་ཉེན་ཡོད་པའི་སྲོག་ཆགས་དང་རྩི་ཤིང་གི་རྒྱལ་སྤྱིའི་ཉོ་ཚོང་སྤྱི་ཆིངས》གིས་དངོས་རིགས་དེ་རིམ་པ་གཉིས་པའི་སྲུང་སྐྱོབ་བྱ་རྒྱུའི་སྲོག་ཆགས་ཀྱི་གྲས་སུ་བཞག ཡང་ཀྲུང་གོའི་མཚོ་བོད་མཐོ་སྒང་ས་ཆར་མ་གཏོགས་མེད་པས་ཀྲུང་གོའི་སྲིད་གཞུང་གིས་ཀྱང་རིམ་པ་དང་པོའི་གཙོ་བོར་སྲུང་སྐྱོབ་བྱ་རྒྱུའི་སྲོག་ཆགས་ཀྱི་གྲས་སུ་བཞག་སྟེ་འཛིན་གསོད་བྱས་པར་ནན་འགོག་བྱས།སྲུང་སྐྱོབ་ཀྱི་ཤུགས་ཚད་ཆེ་རུ་འགྲོ་བ་དང་བསྟུན་ནས་རྐྱང་གི་གྲངས་འབོར་དེ་དུས་རབས་ཉི་ཤུའི་ལོ་རབས་དགུ་བཅུའི་དུས་དཀྱིལ་ལ་ཁྲི་ལྔ་ཡོད་པ་དེ་༢༠༡༢ལོར་ཁྲི་བརྒྱད་དུ་འཕར་ཡོད། བོད་ལྗོངས་སུ80%ཡན་ཆད་ཀྱི་རྩ་མེད་དུ་འགྲོ་ཉེན་ཡོད་པའི་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་ལ་སྲུང་སྐྱོབ་ཐེབས་ཡོད་པ་དང་།ཁྱད་པར་དུ་རྩ་མེད་དུ་འགྲོ་ཉེན་ཡོད་པའི་རི་སྐྱེས་སྲོག་ཆགས་ཀྱི་གྲངས་འབོར་མངོན་གསལ་གྱིས་བསྐྱར་གསོ་བྱེད་ཐུབ་ཡོད་པ་རེད།
རྐྱང་ནི་མི་མེད་ལུང་ཁུག་དུ་འཚོ་གནས་བྱེད་ལ།ཨ་ཆེན་གངས་རྒྱབ་ནི་ཁོ་ཚོའི་འཚོ་གནས་བྱེད་ས་གཙོ་བོ་ཡིན།གནས་འདིར་ཁོ་ཚོ་ལ་མཐོ་སྒང་གིས་སྲུང་སྐྱོབ་ཐེབས་ཡོད་པ་མ་ཟད།རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་བྱེད་མཁན་མང་པོས་ཀྱང་ཁོ་ཚོར་སྲུང་སྐྱོབ་བྱེད་བཞིན་ཡོད། ཨ་ཆེན་གངས་རྒྱབ་མུ་མེད་སྤང་ཐང་དུ་འབྱིན་རྔུབ་བྱེད་པར་མཁོ་བའི་ཁ་དབུགས་སྲབ་ཅིང་ཉུང་ན་ཡང་།ལུང་སྟོང་འགྲིམས་པ་ནི་ཁོ་ཚོའི་ཐུན་མོང་མ་ཡིན་པའི་མཛེས་སྡུག་དེ་ཡིན། ཁོ་ཚོ་ནི་རླུང་འཚུབ་ལྟར་རང་དགར་སྐྱོད་ཅིང་ཨ་ཆེན་གངས་རྒྱབ་ཀྱི་སྔོ་སངས་གི་ནམ་མཁའ་དང་སྤྲིན་དཀར་ཡོངས་ཀྱིས་ལྟ་ན་སྡུག་པའི་པར་རིས་ཤིག་བསྐྲུན་ནོ།།།
བསྒྱུར་མཁན། དབང་མོ།
ཞུ་དག རྒྱམ་མེ།
རྩོམ་སྒྲིག བྱང་ཆུབ་དཔལ་མོ།
ཡོང་ཁུངས། ཀྲུང་གོའི་ཀུན་བཏུས་དྲ་རྒྱ།
ཚ་ལུ་མ། བོད་ཡིག་གི་ཚན་རྩལ་རྒྱུན་ཤེས་དྲ་བ་ལས་དྲངས།
ཐེངས་ 42498 བཀླགས་འདུག