བོད་མཐོ་སྒང་གི་འབྲོག་པ་དང་རྩྭ་ཐང་གི་འབྲེལ་བ།
ཕྱི་ལོ་ ༡༩༩༠ ཙམ་ནས་ཉམས་ཟད་དུ་སོང་བའི་བོད་ཀྱི་རྩྭ་ཐང་གི་ཁྱབ་ཚད་ནི་མཇར་མན་(Germany) རྒྱལ་ཁབ་ཀྱི་རྒྱ་ཁྱོན་ལས་ཆེ་རུ་སོང་ཡོད། རྒྱ་གཞུང་གིས་འདིའི་རྒྱུ་རྐྱེན་ནི་འབྲོག་པས་ཚད་ལས་བརྒལ་བའི་ནོར་ལུག་འཚོ་སྐྱོང་བྱེད་པར་ཉེས་མིང་བཙུགས་ནས་རྩྭ་ཐང་རྭ་བས་བསྐོར་བའི་སྲིད་ཇུས་ཤིག་གཏན་འབེབས་བྱས་ཏེ་འབྲོག་པའི་སྲོལ་རྒྱུན་ལམ་ལུགས་ལ་དོ་ཕོག་ཆེན་པོ་ཐེབས་བཞིན་ཡོད།
སྲིད་ཇུས་འདིས་འབྲོག་པའི་འཚེར་སྤོའི་རང་དབང་འཕྲོག་ནས་ས་ཁྱོན་ཆུང་ཆུང་ཞིག་ཏུ་དབྱར་དགུན་སྟོན་དཔྱིད་མེད་པར་སྡོད་དགོས་པ་བྱས་སྟབས། རྩྭ་ཐང་ཉམས་ཟད་འགྲོ་བའི་གནས་སྟངས་དོན་དངོས་ཐོག་ཛ་དྲག་ཏུ་བཏང་ཡོད།
རྒྱ་གཞུང་གིས་རྩྭ་ཐང་སྲུང་སྐྱོབ་ཀྱི་འབོད་སྒྲའི་འོག་འབྲོག་པ་ཁག་མུ་མཐུད་གནས་སྤོར་བཅུག་པའི་སྲིད་ཇུས་འདིས་རྩྭ་ཐང་ཉམས་ཟད་འགྲོ་ཚད་འགྱོགས་སུ་གཏོང་གི་ཡོད་པ་ནི། ཞིབ་འཇུག་ཁག་ལས་ཕྱུགས་ཟོག་འཚོ་སྐྱོང་ལུགས་མཐུན་ཞིག་བྱུང་ན་རྩྭ་ཐང་ཉམས་ཟད་ལས་འགོག་ཐུབ་པར་རོགས་བྱེད་ཀྱི་ཡོད་ཅེས་གསལ་ཡོད།
འབྲོག་པ་དང་སྒོ་ཕྱུགས། རྩྭ་ཐང་གསུམ་གྱི་འབྲེལ་བ་ནི་མི་རབས་དུ་མའི་རིང་ཕན་ཚུན་གཉིས་ཕན་ངང་གནས་ཡོད་ཀྱང་། ཕྱིན་ཅི་ལོག་པའི་ལམ་སྟོན་འོག་རྒྱ་གཞུང་གིས་ལོ་ངོ་བཅུ་ཕྲག་ནང་ཚུན་འབྲོག་པའི་འཚོ་གནས་འཕྲོག་སྟེ་ཡངས་ཤིང་མཛེས་པའི་བོད་མཐོ་སྒང་གི་སྤང་རི་བྱེ་ཐང་དུ་འགྱུར་བཞིན་པའི་གནས་སྟངས་ཛ་དྲག་པོ་འདི་དོན་དངོས་ཐོག་ཇེ་འགྱོགས་སུ་གཏོང་བཞིན་ཡོད།
རྒྱ་གཞུང་གིས་བོད་ཁུལ་དེང་རབས་ཅན་དུ་འཛུགས་སྐྲུན་བྱ་རྒྱུའི་རྔམ་སེམས་འོག་ཕྱུགས་ཟོག་མང་ཉུང་གི་ཚད་གཞི་བཟོ་བ་དང་། ཕྱུགས་ཟོག་གི་སྣ་ཁ་དཀྲུག་པ། སྡེབ་གསོད་ཀྱི་ཁྲལ་བགོ་བ་སོགས་ཀྱིས་འབྲོག་པའི་འཚོ་བ་རྒྱུན་གནས་ཐུབ་པར་ཉེན་ཁ་བཟོས་པ་ཙམ་མ་ཟད། ཡུལ་གྱི་ཆོས་དང་རིག་གཞུང་དང་ཡང་འགལ་ཟླར་གྱུར་ཡོད།
ཕྱི་ལོ་༡༩༩༠ལོ་གྲངས་ནས་རྩྭ་ཐང་སྲུང་སྐྱོབ་ཀྱི་སྲིད་ཇུས་ཁག་ནུས་པ་མ་ཐོན་པ་གསལ་པོ་གྱུར་ཡོད་ཀྱང་། རྒྱ་གཞུང་གིས་ནོར་འཁྲུལ་ཁས་ལེན་བྱ་འདོད་མེད་སྟབས་འབྲོག་པས་རྩྭ་ཐང་གི་ནུས་ཚད་ལས་བརྒལ་བའི་སྒོ་ཕྱུགས་ཕོན་ཆེན་གསོ་སྐྱོང་བྱེད་པར་བརྟེན་རྩྭ་ཐང་ཉམས་ཟད་དུ་འགྲོ་གི་ཡོད་ཅེས་ཁག་འདོགས་བྱེད་ཀྱི་ཡོད།
རྒྱ་ནག་གཞུང་གིས་ཆུའི་འབྱུང་ཁུངས་ཁག་སྲུང་སྐྱོབ་བྱེད་པར་འབྲོག་པ་རྣམས་ཕྱིར་འབུད་གཏོང་རྒྱུ་ལས་ཐབས་ལམ་གཞན་མེད་པ་འདོད་ཀྱི་ཡོད་མོད། འོན་ཀྱང་བོད་ཀྱི་རྩྭ་ཐང་ལ་འབྲོག་པའི་སྲོལ་རྒྱུན་ལམ་ལུགས་ལྟར་དུས་བཞིར་འཚེར་སྤོ་དང་རྩྭ་བཟའ་རན་པོ་ཞིག་བྱུང་ན་རྩྭ་ཐང་རྒྱུན་གནས་དང་རྩ་སྣ་འཛོམས་པོ་ཡོང་བར་ཕན་ནུས་ཡོད་པ་དང་། རྒྱ་ནག་གཞུང་གིས་བསྐོར་བའི་རྩྭ་ཪྭ་དེ་དག་གི་ནང་ལྡུམ་རྩྭའི་རིགས་ཀྱིས་ཁེངས་སོང་ན་རྩྭ་ཐང་ཉམས་རྒུད་ཆེན་པོ་ཐེབས་ཀྱི་ཡོད་པ་ཤེས་རྟོགས་བྱུང་ཡོད།
བོད་མཐོ་སྒང་གི་ས་ཁྱོན་བརྒྱ་ཆ་བདུན་ཅུ་ཙམ་མཛེས་སྡུག་ལྡན་པའི་རྩྭ་ཐང་གིས་བརྒྱན་ཡོད། ལོ་ངོ་རྒྱ་ཕྲག་གི་རིང་ལ་བོད་ཀྱི་འབྲོག་པའི་འཚོ་ཐབས་དང་གོམས་གཤིས་ལས་རྩྭ་ཐང་མིའི་གནས་བཅའ་རུང་བ་ཞིག་ཏུ་བསྐྲུན་པ་མ་ཟད། དུས་བཞིར་འཚེར་སྤོའི་ལམ་ལུགས་བརྒྱུད་འཚོ་བ་བདེ་སྐྱིད་ལྡན་པ་ཞིག་ཡུན་གནས་ཐུབ་པའང་བྱུང་ཡོད། འབྲོག་པ་ཚོས་དུས་དང་བསྟུན་ཏེ་སྒོ་ཕྱོགས་འཚོ་སྐྱོང་དང་སྤོ་བགྲོད་མཁས་པ་བྱེད་པས་རྩྭ་ཐང་ཉམས་ཟད་འགྲོ་བ་དང་ལྡུམ་བུས་ཁྱབ་པ། འབུ་ངན་གྱི་གནོད་འཚེ་དང་དུག་ཤེད་ཅན་གྱི་རྩྭ་ངན་གྱིས་དབང་བསྒྱུར་བྱེད་པ་སོགས་ལས་སྲུང་སྐྱོབ་བྱེད་ཀྱི་ཡོད་པ་དང་། མ་ཟད་ཚད་ལས་བརྒལ་བའི་ཕྱུགས་ཟོག་འཚོ་སྐྱོང་གིས་རྩྭ་ཐང་ལ་གནོད་ཤུགས་བསྐྲུན་གྱི་ཡོད་སྟབས་འབྲོག་པའི་མཚེར་སྤོ་རྒྱུན་སྲོལ་ནི་རྩྭ་ཐང་ཡུན་གནས་ཐུབ་པའི་ལམ་ལུགས་ཤིན་ཏུ་གནད་འགག་ཅན་ཞིག་ཆགས་ཡོད་པ་རྒྱ་ནག་དང་རྒྱལ་སྤྱིའི་ཚན་རིག་པ་ཚོས་དུས་རབས་ཉེར་གཅིག་པའི་ནང་གཞི་ནས་ཤེས་རྟོགས་བྱུང་ཡོད། ཕྱི་དྲིལ་ཁོར་ཡུག་ཚན་པས་མཁོ་འདོན་དང་ཕྱི་ལོ་༢༠༡༢ལོར་སྤེལ།
ཐེངས་ 42373 བཀླགས་འདུག