Donate

བོད་ནང་པགས་རིགས་རྒྱན་གོས་དར་ཚུལ་མདོར་ཙམ་བརྗོད་པ།

བོད་པ་ཚོས་སྟག་གཟིག་པགས་པའི་རྒྱན་གོས་གྱོན་སྲོལ་དེ་བོད་ཀྱི་བཙན་པོའི་དུས་ནས་དར་ཡོད་པར་བཤད་ཅིང༌། དེ་ཡང་སྐབས་དེ་དུས་གཡུལ་འགྱེད་གྱི་དཔའ་བོ་དང་དམག་དཔོན་སོགས་ལ་དཔའ་རྟགས་བྱ་དགའ་དང་གོ་གནས་མཚོན་བྱེད་སྟག་སློག་དང་གཟིག་སློག སྟག་སྨད། སྟག་སྟོད་ཟེར་བ་སོགས་སྟག་ལྤགས་ཀྱིས་བཟོས་པའི་གོས་འདྲ་མིན་གནང་སྲོལ་ཡོད།

དེ་བཞིན་སྟག་སྟོད་སྟག་སྨད་གཉིས་ཟེར་བ་ཡོད་པས། སྟག་སྟོད་ནི་རྒྱབ་བསྙེས་དང་སྟག་སྨད་ནི་གདན་ལ་གོ་ཡི་ཡོད་པ་དང༌། སྟག་གི་ཟེར་ཅན་ནམ་གཟར་ཆེན་ནི་སྟག་ལྤགས་ཀྱིས་བཟོས་པའི་སྒ་གདན་ལ་གོ་ཡི་ཡོད་པ་ལོ་རྒྱུས་ཀྱི་དེབ་ཐེར་དང་ཚིག་མཛོད་སོགས་ནང་གསལ། ད་དུང་སྟག་གཟིག་ལ་དཔེ་བླངས་ཏེ་དཔའ་བོ་སྟག་འདྲ་གཟིག་འདྲ་དང༌། སྡར་མ་ཝ་འདྲ་སོགས་སྲོག་ཆགས་རིགས་ལ་དཔེ་བླངས་ཏེ་དཔའ་བློ་ཁོག་ཇི་ཡོད་མཚོན་པར་སོགས་བྱེད་སྲོལ་ཡོད་པ་དང༌། དེ་བཞིན་སྟག་རལ་དང་གཟིག་ཤུབ་ཟེར་བ་སྟག་གཟིག་པགས་པའི་མེ་མདའ་དང་མདུང་གི་ཤུབས་སོགས་བཟོ་སྲོལ་དར་ཡོད་པ་རེད། སྤྱིར་སྟག་གི་གཟུགས་བརྙན་རི་མོ་སོགས་རྩ་ཆེན་བརྩི་ཡི་ཡོད་པ་དང༌། དཔེར་ན་སོག་པོ་སྟག་ཁྲིད་ལྟ་བུ་རིག་གསུམ་མགོན་པོ་མཚོན་གྱི་ཡོད་པར་བཤད།

སྟག་སེང་ཁྱུང་འབྲུག་གི་རི་མོ་ཡང་རྩ་ཆེན་དུ་བརྩིས་ནས་བཀྲིས་པའི་མཚོན་པར་བྱེད། རིམ་བཞིན་སྟག་གཟིག་པགས་པས་སྟག་གུར་དང་གཟིག་གུར་བཟོས་ཏེ་བླ་ཆེན་དང་དཔོན་ཆེན་སོགས་ཀྱི་ཁྲི་སྟོན་དང་རྟེན་འབྲེལ་མཛད་སྒོའི་སྐབས་རྒྱས་སྤྲོས་དང་གྲྭ་སྒྲིག་ལེགས་པོའི་ཚུལ་དུ་གུར་དེ་དག་ཕུབ་ཏེ་དེའི་ནང་མཛད་སྒོ་སོགས་འཚོགས་སྲོལ་བྱུང་ཡོད་ཅིང༌། སྔོན་མའི་སྐུ་དྲག་གི་བུ་རྒྱུད་བག་སྟོན་སྐབས་སྟག་ལྤགས་གདན་དུ་ཡང་བེད་སྤྱོད་བྱེད་ཀྱི་ཡོད་པ་དང༌། དེ་བཞིན་དཔོན་པོ་དང་མི་གྲགས་སོགས་ཀྱི་གདན་དུ་བེད་སྤྱོད་བྱེད་སྲོལ་ཡོད་འདུག

བོད་ཀྱི་གཏམ་དཔེ་ལ་སྟག་གདན་གཟིག་གདན་དཔོན་པོའི་གདན་ཟེར་ནས་སྟག་གཟིག་པགས་པ་ཕལ་ཆེ་བ་རྒྱས་སྤྲོས་ཀྱི་དགོས་མཁོའི་སླད་བེད་སྤྱོད་བྱེད་སྲོལ་ཤུགས་ཆེན་དར་ཏེ། རིམ་བཞིན་དུས་ཀྱི་འཕོ་འགྱུར་དང་བསྟུན་ཏེ་དམག་དཔོན་དང་མི་གྲགས། འབྱོར་ལྡན་སོགས་ཀྱིས་སྟག་གཟིག་དང་སྲམ་ལྤགས་གོས་སོགས་ཀྱིས་མཐའ་ལ་བརྒྱན་པའི་སྲོལ་དར་ཏེ་མཐའ་ཤན་ཕྲ་མོ་རེ་ཡོད་པའི་ཆས་གོས་གྱོན་པའི་ལམ་སྲོལ་དར།

དེར་བརྟེན་བླ་དཔོན་དང་མི་གྲགས་རྣམས་ཀྱི་མཛད་སྲོལ་ལ་ལད་མོ་ལྟ་བུ་དང༌། དུས་ཕྱིས་རྒྱ་ནག་གཞུང་གི་བོད་རིགས་དཔོན་པོ་དང་ལས་བྱེད། ཟློས་གར་དང་གཞས་སྣ་འཁྲབ་སྟོན་པ། བརྙན་འཕྲིན་གསར་འགྱུར་ཤོད་མཁན་སོགས་ཀྱི་མཛེས་ཆོས་དང་གཟབ་འཕྱོར་གྱི་ཚུལ་དུ་སྟག་གཟིག་སྲམ་གསུམ་གྱི་པགས་རིགས་གོས་རྒྱན་དེ་ཕལ་ཆེ་བོད་མི་རིགས་ཀྱི་རིག་གཞུང་གོམས་གཤིས་དང་ཆས་གོས་ལྟ་བུར་བརྩིས་ཏེ་དུས་སྟོན་དང་མང་ཚོགས་འདུ་འཛོམས་ཁྲོད་ཏུ་གྱོན་པའི་ལམ་སྲོལ་དར་ཁྱབ་ཕྱིན་ཞིང༌། དཔེར་ན་རྒྱ་ནག་གི་བཀའ་དྲིན་འོག་བོད་མིའི་ཞིང་འབྲོག་མང་ཚོགས་ཀྱི་འཚོ་བའི་གནས་སྟངས་སྔོན་ལས་ལྷག་པའི་ཡར་རྒྱས་ཆེན་པོ་ཕྱིན་ཡོད་ཚུལ་ཕྱི་ཕྱོགས་ལ་ཁྱབ་བསྒྲགས་ཆེད་རྒྱལ་སྟོན་དུས་ཆེན་གཙོས་རང་སྐྱོང་ལྗོངས་དང༌། རང་སྐྱོང་ཁུལ། རྫོང་ཟེར་བ་སོགས་བཙུགས་ནས་ལོ་སུམ་ཅུ་དང་བཞི་བཅུ་འཁོར་བའི་མཛད་སྒོ་ཚུགས་ནས་བོད་རིགས་གཞི་རིམ་མང་ཚོགས་ལ་ཁྲལ་དེད་ཀྱིས་གཟབ་འཕྱོར་དགོས་པའི་བཀའ་བཏང་བ་བཞིན། མཚམས་རེ་གྲོང་སྡེ་གཅིག་གི་རྒྱན་ཆས་ཡོད་ཚད་མི་གཅིག་གཉིས་ཀྱི་ལུས་ལ་བཏགས་ནས་འགྲན་སྡུར་ཆེད་འགྲོ་ཡི་ཡོད་པ་དང༌། ད་དུང་ཉེ་འཁོར་རྫོང་དང༌། ཞིང་ཆེན་གཞན་དང་གཞན་དུ་རྒྱན་ཆས་དང་གྱོན་ཆས་གཡར་དུ་འགྲོ་མཁན་སོགས་གང་མང་ཞིག་བྱུང་ཡོད་པ་རེད།

ཡུན་ནན་མི་རིགས་དཔར་སྐྲུན་ཁང་ནས་བཏོན་པའི་ཞོགས་དུང་གི་རྩོམ་ཡིག་དོགས་སློང་སྙིང་སྟོབས་ལས། “ཤོག་ཁ་ཞིག་གམ་ཡུལ་ཁག་ཅིག་གི་རྒྱན་ཆ་དང་མཆོར་གོས་རྣམས་ལྷན་དུ་བསྡུས། གཅིག་ཏུ་སྤུངས། མི་གཅིག་ལ་བསྐོན། ལུས་གཅིག་ལ་བརྒྱན། མི་གདོང་ཟོག་ལུས། མི་མིན་ཟོག་མིན་འདྲ་བ་ཞིག་བཟོ་བར་སྐུལ་འདེད་གཏོང་མཁན་གྱི་སྣ་འདྲེན་ནི་གཙོ་ཆེར་བོད་སྐད་བརྙན་འཕྲིན་ལས་ཁུངས་དག་དང་དུས་དེབ་རྣམས་རེད་སྙམ།

ཁོ་ཚོས་བོད་མིའི་ཁྱད་ཆོས་སྟོན་པ་ཡིན་དང༌། བོད་མིའི་རྒྱན་གོས་ངོམ་པ་ཡིན་ཟེར་ནས་ས་ཆ་ལུང་པ་སོ་སོར་རྒྱན་ཆ་དང་མཆོར་གོས་སྣ་ཚོགས་བཙལ། བརྙན་པར་དུ་ཕབ། བརྙན་འཕྲིན་ནས་བསྟན། འདྲ་པར་ལ་བརྒྱབ། དུས་དེབ་ཀྱི་མདུན་རྒྱབ་ཤོག་ཕྱི་ནང་ལ་བཞག ཆེ་བ་བརྗོད་དུས། མང་ཚོགས་ཕལ་ཆེ་བར་བླང་དོར་དང་ལེགས་ཉེས་དབྱེ་བའི་བློ་མིག་ལྡོངས་པས་ངོ་མཚར་ཟེར་”ཞེས་དང༌། “དགའ་འགུ་ཡི་རང་སྟེ་རྗེས་དེད་ནས་གཡུ་བྱུར་ཉོས། སྲམ་ལྤགས་བླུས། རྒྱན་ཆ་བསྒྲིགས་ནས་ལད་མོ་རྒྱ་ཆེར་བྱེད་དོ།

དེ་ནི་བོད་སྐད་བརྙན་འཕྲིན་ལས་ཁུངས་དག་དང༌། དུབ་དེབ་རྩོམ་སྒྲིག་པ་རྣམས་ཀྱི་ཨ་གསར་མགོ་ཡང་གི་སྤྱོད་ཚུལ་ཞིག་རེད་ལ། ལས་འབྲས་ལ་རྩི་བའི་བོད་མི་རྣམས་ལ་འགན་མ་འཁུར་པ་ཞིག་དང༌། མཐར་གཏུགས་ན་ལམ་ཁྲིད་གླེང་ཕྱོགས་ཐད་ནོར་འཁྲུལ་ཆེན་པོ་ཞིག་རེད་”ཅེས་སོགས་འཁོད་ཡོད་པ་རེད། དེ་བཞིན་རྒྱ་རིགས་རྩོམ་པ་པོ་གྲགས་ཅན་ཝང་ལི་ཞུང་གི་རྩོམ་ཡིག་ནང་“ངའི་བསམ་པར་བོད་ཀྱི་ས་ཁུལ་ཁག་གི་སྲིད་གཞུང་ནས་མིང་ལ་རིག་གཞུང་གི་སྟེགས་བུའི་ཐོག དཔལ་འབྱོར་གྱི་གར་འཁྲབ་པ་དེས་ལྡོག་ཕྱོགས་ཀྱི་ནུས་པ་ཐོན་བཞིན་ཡོད། དེ་ནི་མ་འཇོག་དང༌། ཡུལ་བསྐོར་འཕེལ་རྒྱས་འགུགས་ཐབས་ཀྱིས་མིང་འདྲ་མིན་གྱི་ཐོག་ནས་རིག་གཞུང་དུས་ཆེན་ཞེས་པ་སོགས་རྣམ་པ་འདྲ་མིན་སྤེལ་གྱི་ཡོད་པ་རེད།

དེའི་ནང་ནས་བོད་མིའི་ཆས་གོས་འཁྲབ་སྟོན་དེ་གལ་ཆེ་ཤོས་སུ་འཛིན་གྱི་ཡོད་པ་རེད། འཁྲབ་སྟོན་དེ་ནི་གཞུང་ཕྱོགས་ཀྱི་མཛེས་མིན་ལྟ་བའི་ཁྱད་ཆོས་ལྡན་ཡོད་པ་སྟེ། སྐབས་དེ་དུས་ལུས་ལ་རྒྱན་གོས་རིན་ཐང་ཇི་ཙམ་གྱི་ཆེ་བ་བཏགས་པ་ལ་དེ་ཙམ་གྱིས་ཨང་རིམ་ཐོབ་ཀྱི་ཡོད་པ་རེད། རྒྱུ་མཚན་དེས་མི་རྣམས་ཀྱིས་རང་བཞིན་གྱིས་རིན་གོང་གང་ཆེ་བའི་པགས་རིགས་དང༌། པགས་རིགས་དེ་དག་གི་ཁ་ཞེང་ཀྱང་གང་ཆེ་ཆེ་བེད་སྤྱོད་བཏང་བའི་ཕྱོགས་སུ་བསྐྱོད་ཀྱི་ཡོད།

སྐབས་རེ་སྲིད་གཞུང་ནས་མི་སེར་ཚོའི་ས་ནས་རྒྱན་ཆ་བསྡུ་རུབ་བྱས་ནས་རྒྱན་ཆ་དེ་དག་སྲིད་གཞུང་ནས་ཆེད་དུ་མངགས་གཏོང་བྱས་པའི་མི་སྣ་དེ་དག་གི་ལུས་ལ་རྒྱན་ཏེ་འཁྲབ་སྟོན་པ་དེ་དག་རྒྱན་ཆ་ཚོང་ཁང་གི་ཚོང་ཟོག་སྐོན་སའི་ངོ་གདོང་ལྟ་བུར་གྱུར་ནས་མི་ཚང་མའི་ལུས་ལ་རྒྱན་ཆས་ཁེངས་ནས་བསྡད་ཡོད་”ཅེས་སོགས་འཁོད་ཡོད་པ་རེད།

མདོར་ན་སྟག་གཟིག་སྲམ་གསུམ་གྱི་པགས་པ་དང་གཡུ་བྱུར་གསེར་དངུལ་གྱི་རྒྱན་ཆ་བཅས་གཟབ་འཕྱོར་ཡག་ཤོས་རྣམས་ལ་རྒྱ་གཞུང་གིས་བྱ་དགའ་སྤྲད་པ་སོགས་ཆེད་དུ་གཞུང་འབྲེལ་བརྙན་འཕྲིན་དང་ཚགས་ཤོག་དུས་དེབ་བཅས་བརྒྱུད་ནས་ཁྱབ་བསྒྲགས་ཤུགས་ཆེན་བྱེད་བཞིན་ཡོད་པ་རེད། གནད་དོན་དེ་ཚོར་བརྟེན་ནས་མི་མང་བཅོས་མའི་སྤྱི་ཚོགས་ཁྲོད་དེའི་རིགས་ལ་རང་བཞིན་གྱིས་དག་སྣང་དང་དགའ་ཞེན་སླེབས་ཏེ་སྟག་གཟིག་སྲམ་གསུམ་གྱི་པགས་རིགས་ཀྱི་རྒྱན་གོས་རིམ་བཞིན་དར་ཁྱབ་ཕྱིན་ཡོད་པས། ཡིན་ནའང་གནའ་སྔ་མོའི་སྐབས་ཀྱི་སྟག་གཟིག་ལྤགས་རིགས་བེད་སྤྱོད་བྱེད་སྟངས་དང་ད་ལྟའི་སྐབས་ཀྱི་བེད་སྤྱོད་བྱེད་སྟངས་དང་བསྡུར་ན་ཧེ་བག་ཆེས་ཆེ། གནའ་དུས་མི་ཡང་གྲངས་འབོར་ད་ལྟ་ནང་བཞིན་མེད་པ་དང༌། བེད་སྤྱོད་བྱ་ཡུལ་ཁྱབ་ཧ་ཅང་ཆུང་བ་མ་ཟད། ཆེ་ཆུང་གི་ཚད་གཞི་སོར་བཞི་ཙམ་ཡིན།

དུས་རབས་ཉི་ཤུ་པའི་དུས་དཀྱིལ་ཙམ་ནས་བཟུང་འཛམ་གླིང་ས་ཕྱོགས་གང་སར་ཚན་རིག་ལག་རྩལ་ཤུགས་ཆེན་དར་བ་དང་བསྟུན་དངོས་པོའི་དཔལ་ཡོན་ཡང་ཆེས་ཡར་རྒྱས་ཆེན་པོ་ཕྱིན་ཡོད་ལ། བོད་ནང་ལ་ཡང་དུས་རབས་ཉི་ཤུ་བའི་ལོ་རབས་བརྒྱད་ཅུ་ཙམ་ནས་དཔལ་འབྱོར་ཡར་རྒྱས་ཕྱོགས་སུ་འགྲོ་བའི་རྣམ་པ་ཅུང་ཟད་མངོན་ཞིང༌། བོད་མི་རྣམས་ཀྱང་དཔལ་འབྱོར་དེ་དག་ཤེས་ཡོན་དང་འཛུགས་སྐྲུན་སོགས་འབྱུང་འགྱུར་བོད་མི་རིགས་དང་རྒྱལ་ཁབ་ཡར་རྒྱས་ཀྱི་ཁེ་ཕན་ཆེད་ལེགས་པའི་ཕྱོགས་སུ་བཏང་མ་ཤེས་པར་བག་མེད་རྒྱས་སྤྲོས་འཛམ་གླིང་མི་མང་ཀུན་གྱི་ཆེས་གལ་ཆེ་དོན་ཆེན་དུ་བརྩི་བཞིན་པའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་གནོད་སྐྱོན་དང༌། ནང་པ་སངས་རྒྱས་པའི་ཆོས་དང་འགལ་བའི་དོན་མེད་རྒྱས་སྤྲོས་ཁོ་ནའི་ཆེད་དུ་སེམས་ཅན་གྱི་ཚེ་སྲོག་ལ་གནོད་པའི་སྟག་གཟིག་སྲམ་གསུམ་གྱི་གཙོས་སྟོངས་ལ་ཉེ་བའི་རི་སྐྱེས་སྲོག་ཆགས་ཀྱི་པགས་རུས་རྒྱན་གོས་རིགས་ལ་དང་འདོད་དང་འབྲེལ་ཆེས་རིན་ཐང་ཆེ་བའི་དངོས་པོའི་རྒྱུ་ནོར་ཞིག་ལ་བརྩིས་ཏེ་ཤུགས་ཆེན་དར་ཁྱབ་ཕྱིན་ཡོད།

དོན་དངོས་ཐོག་བོད་ཀྱི་ཆོས་རིག་གོམས་གཤིས་དང་དེ་དུང་འཛམ་གླིང་གི་ཁྲིམས་ལུགས་སོགས་ལམ་དང་ལུགས་སྲོལ་གང་དང་ཡང་མི་མཐུན་པའི་དར་སྲོལ་ཆེན་པོ་འདི་བོད་མི་རིགས་ཀྱི་མཚན་སྙན་ལ་གནོད་པའི་ལག་ཆ་མེད་དུ་མི་རུང་བ་ཞིག་དང༌། རྒྱ་ནག་གཞུང་གི་རྒྱུན་དུ་བོད་དང་བོད་མིའི་སྤྱི་ཚོགས་ལ་མཐོང་ཆུང་དང་ཁྱད་གསོད་སོགས་འདྲ་མིན་བྱས་ཏེ་ཀླ་ཀློ་དང༌། མུན་ནག རྨོངས་དད། རྗེས་ལུས་སོགས་ཚིག་ངན་དང་དམའ་འབེབ་འདྲ་མིན་བྱེད་ཀྱི་ཡོད་པས། དེར་བརྟེན་བོད་པ་ཚོས་གཅན་གཟན་པགས་རིགས་རྒྱན་གོས་གྱོན་པ་དེ་རྒྱ་ནག་གཞུང་ལ་དགོས་མཁོ་རང་བཞིན་ཆགས་ཡོད།

རྒྱ་གཞུང་གི་བོད་པའི་དཔོན་རིགས་འགའ་ཤས་ཀྱིས་ཆབ་སྲིད་ཀྱི་དགོས་མཁོ་དང་རང་ཉིད་ཀྱི་ཁེ་ཕན་ཆེད་དུ་བོད་པའི་དཔོན་རིགས་བྱབ་ཆུང་དེ་དག་གིས་གཅན་གཟན་པགས་རིགས་ཀྱི་གོས་གཞུང་འབྲེལ་གྱི་མཛད་སྒོ་དང༌། ཚོགས་ཆེན། དུས་སྟོན་སོགས་ལ་ཆེད་དུ་གྱོན་གྱི་ཡོད་པ་དེ་ནི་ཆབ་སྲིད་ཀྱི་གནད་དོན་དགོས་མཁོ་དང་ལྷག་པར་རྒྱ་མིའི་མཐོ་རིམ་དཔོན་རིགས་ཚོར་ངོ་དགའ་སྤྲེལ་ལད་ཁོ་ནའི་ཆེད་དུ་ཡིན་ཞིང༌། དཔེར་ན། ཕྱི་ལོ་ ༢༠༠༧ ལོར་སྐབས་ ༡༧ རྒྱ་ནག་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བོད་མིའི་འཐུས་མིའི་འགའ་ཤས་ཀྱིས་སྟག་གཟིག་གི་རྒྱན་གོས་པགས་རིགས་གྱོན་ཡོད་པ་དང༌། དེ་ཡང་མི་སྣ་དེ་དག་ནི་བོད་རང་སྐྱོང་ལྗོངས་ཟེར་བའི་ས་ཁུལ་གྱི་འཐུས་མི་དམར་ཤོག་ཚོགས་པའི་ཚོགས་མི་དང༌། བོད་རང་སྐྱོང་ལྗོངས་ཟེར་བའི་དྲུང་ཆེ་འགོ་ཁྲིད་མཐོ་གྲས་མགོན་པོ་བཀྲིས་དང༌། ཆབ་མདོ་ས་ཁུལ་གྱི་ཉེན་རྟོག་པའི་འགོ་ཁྲིད་སྐལ་བཟང་ཚེ་རིང༌། ནག་ཆུ་ས་ཁུལ་སྙན་རོང་རྫོང་གི་དྲུང་ཆེ་གཞོན་པ་ལྷུན་གྲུབ་སོགས་ཡིན་པ་རེད།

སྟོངས་ལ་ཉེ་བའི་རི་སྐྱེས་སྲོག་ཆགས་གཅན་གཟན་གྱི་པགས་རིགས་ཀྱི་རྒྱན་གོས་གྱོན་ཏེ་ཚོགས་ཞུགས་བྱས་ཡོད་པ་དང༌། དེ་ནི་རྒྱལ་ཁབ་ཀྱི་གལ་གནད་ཆེ་བའི་ཚོགས་ཆེན་དེ་ལྟ་བུ་ལ་རྒྱལ་སྤྱིའི་ནང་ཁྲིམས་འགལ་དུ་བརྩི་བཞིན་པའི་ཁྲིམས་འགལ་གྱི་ཉོ་ཚོང་བྱས་པའི་སྟོངས་ལ་ཉེ་བའི་རི་སྐྱེས་སྲོག་ཆགས་ཀྱི་པགས་རིགས་རྒྱན་གོས་གྱོན་པ་དེ་ངོ་ཚ་ཁ་སྐྱེངས་དགོས་པའི་གནས་ཚུལ་ཞིག་ཡིན་པ་མ་ཟད། རྒྱལ་ཁབ་དེའི་ཚོགས་ཆེན་ལ་རིན་ཐང་དང་དོན་སྙིང་ག་ཚོད་ཙམ་ལྡན་ཡོད་མེད་ཤེས་རྟོགས་ཐུབ་པ་ཞིག་དང༌། འཐུས་མི་དེ་དག་གི་སྟོངས་ལ་ཉེ་བའི་རི་སྐྱེས་སྲོག་ཆགས་ཀྱི་པགས་རིགས་རྒྱན་གོས་གྱོན་པ་དེ་ཕལ་ཆེར་བོད་པའི་གོམས་གཤིས་དང་ཆས་གོས་མཚོན་པར་བྱས་ཡོད་ནའང༌། དེ་ནི་བོད་པའི་གོམས་གཤིས་དང་ཆས་གོས་ཀྱི་ངོ་བོ་མཚོན་མི་ཐུབ་པ་མ་ཟད། དེ་ལས་ལྡོག་སྟེ་བོད་མི་རིགས་ཀྱི་ཞབས་འདྲེན་དང་མི་རིགས་འདི་མིང་ཆད་བཟོ་བའི་གཞི་རྩ་ཆགས་ཡོད་པ་རེད།

ལྷག་པར་དུ་རྒྱ་ནག་གཞུང་ཕྱོགས་ནས་རྒྱལ་སྤྱིའི་ཁོར་ཡུག་སྲུང་སྐྱོབ་ཚོགས་པའི་ཚོགས་ཁོངས་སུ་ཞུགས་ཏེ་སྟོངས་ལ་ཉེ་བའི་རི་སྐྱེས་སྲོག་ཆགས་དང་སྐྱེ་དངོས་རྩི་ཤིང་ཉོ་ཚོང་གི་ཁྲིམས་ཡིག་ལ་མོས་མཐུན་དང་ལེན་བྱས་ཡོད་ནའང་སྟོངས་ལ་ཉེ་བའི་རི་སྐྱེས་སྲོག་ཆགས་ཀྱི་པགས་རུས་ཁྲིམས་འགལ་གྱིས་ཉོ་ཚོང་བཀག་སྡོམ་བྱེད་ཀྱི་མེད་པ་མ་ཟད། ནག་ཚོང་དེ་དག་དང་ས་མཚམས་འགག་སྒོའི་ཉེན་རྟོག་རུ་ཁག་རྣམས་དང་འབྲེལ་བ་ཡོད་ཚུལ་ཡོངས་གྲགས་ལྟ་བུར་གྱུར་ཡོད་པ་རེད།

ད་དུང་རི་སྐྱེས་སྲོག་ཆགས་ཀྱི་པགས་རུས་དེ་དག་མུ་མཐུད་བེད་སྤྱོད་བྱེད་དགོས་པའི་སྐུལ་མ་ཡང་གཏོང་བཞིན་ཡོད་པ་རེད། རང་རེའི་བོད་རིགས་རྣམས་ལ་མཚོན་ན་ལས་རྒྱུ་འབྲས་ལ་ཡིད་ཆེས་བྱེད་མཁན་ཞིག་ཡིན་པ་མ་ཟད། ཚང་མས་ཆོས་ལྡན་བོད་ཀྱི་རྒྱལ་ཁབ་ཅེས་སྤོབས་པ་ཆེན་པོས་འབོད་སྲོལ་ཡོད་པས་དོན་མེད་རྒྱས་སྤྲོས་ཙམ་གྱི་ཆེད་དུ་སྡིག་པའི་ལས་ཚབས་ཆེན་འདི་འདྲ་གཏན་ནས་སྤང་དགོས་པ་ཞིག་ཏུ་གྱུར་ཡོད།

དེང་དུས་བོད་ནང་གི་དངོས་ཡོད་འཚོ་བའི་གནས་སྟངས་དང༌། སྤྱི་ཡོངས་ཀྱི་མང་ཚོགས་སོ་སོའི་ལོ་རེའི་ཡོང་འབབ་བཅས་ཕྱོགས་ཡོངས་ནས་བསམ་བློ་བཏང་ན་སྟག་གཟིག་སྲམ་གསུམ་གྱི་པགས་རིགས་ཉོ་རྒྱུ་ལས་གལ་ཆེ་བའི་ཤེས་ཡོན་དང་འཚོ་བའི་དགོས་མཁོ་མཐུན་རྐྱེན་ཡར་རྒྱས་གཏོང་རྒྱུ་མང་པོ་ལྷག་བསྡད་ཡོད་པ་དང༌། མི་རིགས་གཞན་ལ་ཡོད་པ་ང་ཚོར་མ་ཚང་བ་དང་མེད་པ་སོགས་མང་པོ་ཡོད་པས་རྗེས་ལུས་ཐེབས་ཡོད་པ་རེད། པགས་རིགས་རྒྱན་གོས་ཉོ་སྒྲུབ་བྱས་ན་དེ་དག་གིས་དངོས་ཡོད་ཀྱི་འཚོ་བ་ལ་ཕན་ཐོགས་ཡོད་མེད་བཅས་ལ་བསམ་བློ་ངེས་པར་དུ་གཏོང་དགོས།

དཔལ་འབྱོར་ཡོད་མཁན་རྣམས་ཀྱིས་ཆུང་ས་ནས་རང་གི་བུ་ཚ་ཕྱི་རབས་པ་རྣམས་ཀྱིས་རིག་གནས་ཤེས་པ་ཞིག་དང༌། འབྲིང་ན་རང་གི་གཉེན་ཉེ་དང་བཅས་པའི་བུ་ཕྲུག་རྣམས་ཀྱིས་རིག་གནས་ཤེས་པ་ཞིག རབ་ན་རང་གི་ཡུལ་སྡེ་ཡོངས་ཀྱི་བུ་ཕྲུག་རྣམས་དང༌། རྒྱ་ཆེ་ས་ནས་བསམ་གཞིགས་བྱས་ན་བོད་མི་རིགས་ཀྱི་མ་འོངས་པའི་ཆེད་དུ་སློབ་གྲྭ་དང་འཛུགས་སྐྲུན་འཕེལ་རྒྱས་གཏོང་བ་སོགས་བོད་པའི་མི་རབས་གསར་པ་རྣམས་ལ་གནའ་དེང་གི་རིག་པའི་གནས་གང་ཐད་ནས་མི་རིགས་གཞན་གྱི་རྗེས་སུ་ལུས་མི་དགོས་པ་ཞིག་བྱ་རྒྱུ་ནི་ཤིན་ཏུ་གལ་ཆེ་བ་འབྱོར་ལྡན་རྣམས་ཀྱིས་གསལ་པོ་རྟོགས་དགོས་པ་ཞིག་ཏུ་གྱུར་ཡོད་པ་ལས། གཅན་གཟན་པགས་རིགས་ཀྱི་གྱོན་ཆས་རིགས་གོང་ཆེན་སྤྲད་དེ་ཉོ་སྒྲུབ་བྱས་པས་མི་རིགས་གཞན་གྱི་མདུན་ན་ངོ་ཚ་ཉོས་པ་ལྟ་བུར་གྱུར་ཡོད་པས་བོད་རིགས་མང་ཚོགས་ཀྱིས་བསམ་ཤེས་ཀྱི་ཐོག་ནས་མཚམས་འཇོག་གཙང་མ་བྱེད་དགོས་པ་ཧ་ཅང་གལ་ཆེན་པོར་གྱུར་ཡོད།

གཞིས་སུ་བཞུགས་པའི་ཤེས་ལྡན་པ་ཉུང་ཤས་ཤིག་གིས་པགས་རིགས་མེར་སྲེག་མ་བཏང་བའི་སྔོན་ནས་པགས་རིགས་གོས་རྒྱན་དེ་དག་མཚམས་འཇོག་དགོས་པའི་ཆེད་རྩོམ་དང་འབྲེལ་བླང་དོར་ལམ་སྟོན་བྱས་ཡོད། དཔེར་ན་མཁན་ཆེན་ཚུལ་ཁྲིམས་བློ་གྲོས་མཆོག་དང༌། རྩོམ་པ་པོ་ཞོགས་དུང། ཁོར་ཡུག་ལས་དོན་ཆེད་གཉེར་བ་ཟླ་བ་ཚེ་རིང༌། རི་ཀེ་ཀརྨ་སེང་གེ། དཔལ་རིས་བསོད་ནམས་ཚེ་རིང་སོགས་ཀྱི་སྔ་ཕྱི་བར་གསུམ་དུ་པགས་རིགས་གོས་རྒྱན་བེད་སྤྱོད་བྱས་ན་ཁོར་ཡུག་སྲུང་སྐྱོབ་ལ་གནོད་པ་ཙམ་མ་ཡིན་པར། བོད་ཀྱི་ཆོས་རིག་གོམས་གཤིས་དང་འགལ་གྱི་ཡོད་པ་སོགས་ཀྱི་རྩོམ་ཡིག་གང་མང་སྤེལ་ཡོད་པས། ཆེད་རྩོམ་དེ་དག་གི་ཤུགས་རྐྱེན་ཡང་ཆེན་པོ་ཐེབས་ཡོད་པ་རེད།

སྤྱིར་ན་རྒྱ་ནག་གཞུང་གིས་ཇུས་ངན་འོག་བོད་རིགས་གཞི་རིམ་མང་ཚོགས་ལ་དེང་དུས་ཀྱི་དགོས་མཁོ་ཆེ་བའི་ཁོར་ཡུག་དང་འཕྲོད་བསྟེན་སོགས་ཀྱི་ཤེས་བྱའི་གོ་རྟོགས་སྤེལ་གྱི་མེད་པ་དང༌། དེ་ལས་ལྡོག་ཏེ་དེའི་རིགས་ཀྱི་ལས་འགུལ་སྤེལ་མཁན་བྱུང་ན་བཀག་འགོག་སོགས་བྱེད་བཞིན་ཡོད་པ། དཔེར་ན་པགས་རིགས་མེར་སྲེག་གི་ལས་འགུལ་སྐབས་མི་སྣ་མང་པོར་དངོས་ཤུགས་བརྒྱུད་གསུམ་ནས་དཀའ་ངལ་མང་དག་ཅིག་སྤྲད་ཡོད་པ་རེད།

རྒྱལ་སྤྱིའི་ཁོར་ཡུག་རྟོག་ཞིབ་ཁང་དང༌། རྒྱ་གར་བདག་མེད་སེམས་ཅན་སྲུང་སྐྱོབ་ཚོགས་པ་གཉིས་ཕྱི་ལོ ༢༠༠༤ ནས་བཟུང་སྔ་ཕྱི་ཐེངས་ཁ་ཤས་བོད་ལ་རྟོག་ཞིབ་ཏུ་སྐྱོད་སྐབས་ཆེས་གཞི་རྒྱ་ཆེ་བའི་སྟག་གཟིག་པགས་པའི་ཚོང་ཁང་ ༢༠ ལ་རྟོག་ཞིབ་བྱས་པ་བརྒྱུད་གཟིག་ལྤགས་ཀྱིས་མཐའ་ཤན་པའི་ཕྱུ་པ་ ༡༠༠ ལྷག སྟག་ལྤགས་ཀྱིས་ཤན་པའི་ཕྱུ་པ་ ༢༤ སོགས་ཞེད་སྣང་དང་དམ་དྲག་ཅི་ཡང་མེད་པར་ལྷ་སའི་ཁྲོམ་གཞུང་ན་བཙོང་གི་འདུག་ཅེས་དང༌། དེ་བཞིན་ཀན་སུའུ་ཞིང་ཆེན་ལིན་ཤཱ་ཀ་ཆུ་ཡི་ཁྲོམ་གཞུང་གཅིག་རང་ལ་གསའ་ཡི་པགས་པ་གྲངས་ ༦༠ དང་གཟིག་ལྤགས་གྲངས་ ༡༦༠ སྲམ་ལྤགས་གྲངས་ ༡༨༠༠ ལྷག གཡི་ལྤགས་གྲངས་ ༡༠༠༠༠ ཝ་ལྤགས་སྟོང་ཕྲག་མང་པོ། གཞན་ཡང་སེམས་ཅན་གཞན་གྱི་པགས་རིགས་ཧ་ཅང་མང་པོ་རྒྱ་རིགས་ཁ་ཆེའི་ཚོང་པ་རྣམས་ཀྱིས་བཙོང་གི་ཡོད་པ་དང་དེ་ཚོ་མང་ཆེ་བ་བོད་མིའི་ཆེད་དུ་ཡིན་པ་ཤེས་རྟོགས་གསལ་པོ་བྱུང་ཞེས་གསལ་བསྒྲགས་བྱས་པ་བཞིན། དེ་ལྟར་མངོན་གསལ་དོད་པོའི་ཁྲོམ་ར་དང༌། ཉོ་ཚོང༌། བེད་སྤྱོད་བྱེད་མཁན་རྣམས་ལ་རྒྱ་ནག་གཞུང་གི་ངོས་ནས་དམ་དྲག་གཏན་ནས་བྱེད་ཀྱི་མེད་པ་རེད།

ཕྱོགས་གཞན་ཞིག་ནས་བཤད་ན་དེང་སྐབས་བོད་རིགས་ཚོང་པ་རྣམས་ཀྱིས་རྒྱ་ནག་གཞུང་གི་མཐོ་རིམ་དཔོན་རིགས་རྣམས་ལ་འབུལ་ཚན་ཕུལ་བའི་སྐབས་སུ་གཅན་གཟན་གི་པགས་རིགས་འབུལ་བཞིན་ཡོད་པ་མིག་མཐོང་ལག་ཟིན་གྱིས་དངོས་ཡོད་གནས་ཚུལ་བྱུང་ཡོད་པ་རེད། ད་ཆར་གཞུང་གི་དཔོན་རིགས་དང་ལས་བྱེད་འགའ་ཤས་མ་གཏོགས་བོད་མའི་མང་ཚོགས་བཅོས་མའི་ནང་གཅན་གཟན་པགས་རིགས་ཀྱི་རྒྱན་གོས་མཚམས་འཇོག་བྱས་གཙང་མ་བྱས་ཡོདཔ་རེད།

ཐེངས་ 42357 བཀླགས་འདུག