Donate

ནང་ཆོས་དང་སྣོད་བཅུད་རྟེན་འབྲེལ་གྱི་ཆོས་ཉིད་དང་མཐུན་པའི་རྒྱུན་གནས་འཚོ་ཐབས།

ང་ཚོས་ཤེས་གསལ་ལྟར་ད་ལྟའི་འཛམ་གླིང་སའི་གོ་ལ་འདི་ཁོར་ཡུག་གི་དཀའ་རྙོག་སྣ་མང་ཞིག་འཕྲད་དང་འཕྲད་བཞིན་ཡོད། འགྲོ་བ་མིའི་བྱ་སྤྱོད་ལ་བརྟེན་ནས་གནམ་གཤིས་ཀྱི་འགྱུར་ལྡོག་དང་འཁྱགས་རོམ་བཞུ་བ། ཤིང་ནགས་གཅོད་འབྲེག་དང་། སྐྱེ་དངོས་མང་པོ་རྩ་གཏོར་གཏོང་བ་དང་ན་ཚའི་རྐྱེན་འདྲ་མིན་མང་པོ་བསྐྲུན་པ། ཆུའི་འབྱུང་ཁུངས་སྦགས་བཙོག་བཟོ་བ། སྐྱེ་དངོས་གནས་སྤོར་བྱས་ནས་སྐྱེ་ཁམས་ལ་གྲུབ་འབྲས་ལས་ལྡོག་ཏེ་དཀའ་ངལ་སྣོན་མ་ཞིག་འཕྲད་བཞིན་ཡོད། སྤྱིར་མི་མང་ཆེ་བས་དཀའ་ངལ་དེར་དོ་སྣང་དང་སེམས་འཁུར་གྱིས་གྲུབ་འབྲས་གནད་སྨིན་ཞིག་ཡོང་པའི་ཐབས་ལམ་ཞིག་འཚོལ་བར་འབད་བརྩོན་བྱེད་བཞིན་ཡོད་ཀྱང་། གནད་དོན་སྤྱིའི་ཆ་ནས་ཞིབ་འཇུག་བྱེད་མ་ཐུབ་པར་དཀའ་ངལ་བྱེ་བྲག་པ་འབའ་ཞིག་གི་ཐོག་མགོ་བོ་འཁོར་ནས་ལྷག་ཡོད་པ་རེད།

ངོས་རང་འདས་པའི་ལོ་ངོ་སུམ་ཅུའི་རིང་ཡོ་རོབ་དང་བྱང་ཨ་རིའི་སྣོད་བཅུད་ཀྱི་འབྲེལ་བར་ཞིབ་འཇུག་བྱེད་མཁན་གྱི་ཚན་རིག་པ་ཞིག་ཡིན་པའི་ཆ་ནས་དཀའ་ངལ་དེ་དག་སྐོར་ལ་གཞན་ལས་ལྷག་པའི་གོ་རྟོགས་ཡོད་ནའང་ཉེ་བའི་ཆར་༧སྤྱི་ནོར་གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་ཉན་ཀློག་བྱས་ནས་བོད་ཀྱི་ནང་ཆོས་ཀྱི་ནང་དུ་སྣོད་བཅུད་མཐུན་སྦྱོར་གྱི་སྐོར་ལ་ཧ་ཅང་གི་ནུས་པ་ལྡན་པའི་གོ་རྟོགས་སམ་ལམ་སྟོན་གནང་ཡོད་པ་མ་ཟད་རྒྱུན་གནས་ཐུབ་པའི་འཚོ་ཐབས་ལེགས་པོ་ཞིག་བསྐྲུན་ཡོད་པ་ཤེས་རྟོགས་བྱུང་།ཅི་ཕྱིར་ངས་དེར་ཡིད་ཆེས་བྱེད་ཀྱི་ཡོད་ཟེར་ན།

དང་པོ། བོད་ཀྱི་ནང་པའི་ལྟ་གྲུབ་ཀྱི་ནང་དུ་གཅིག་ལ་གཅིག་རྟེན་གྱི་འབྲེལ་བའི་ཆོས་ཉིད་དེ་གལ་འགངས་ཆེན་པོ་དང་དོན་སྙིང་ལྡན་པ་ཞིག་ཏུ་གསུངས་ཡོད་པ་དང་། མི་དང་མིའི་བར་གྱི་འབྲེལ་བ་ཙམ་དུ་མ་ཟད་མི་དང་རང་བྱུང་ཁོར་ཡུག་གི་འབྲེལ་བ་དེ་ཡང་ཤིན་ཏུ་གལ་ཆེན་ཞིག་བསྟན་འདུག། ང་ཚོ་སོ་སོའི་ཉེ་ཁོར་དུ་ཡོད་པའི་སེམས་ཅན་དང་རྩི་ཤིང་། སྐྱེ་དངོས་ཕྲ་རབ་དེ་བཞིན་དུ་ཆུ་དང་། ས། བྲག་རྡོ་སོགས་ལ་ཤུགས་ཆེན་བརྟེན་ཡོད་པ་དང་དེ་དག་དང་ཧ་ཅང་འབྲེལ་བ་ཡང་ཡོད། སྣོད་བཅུད་གཉིས་བར་གྱི་གཅིག་ལ་གཅིག་རྟེན་རྙོག་འཛིངས་ཅན་འདི་རྒྱུན་གནས་དང་དེར་གོ་རྟོགས་ཡོད་དགོས་པ་ནི་སྣོད་བཅུད་རྟེན་འབྲེལ་རིག་པའི་རྩ་བའི་ཞིབ་འཇུག་གི་གནད་དོན་དང། ལྟ་ཚུལ་འདི་ཚན་རིག་པ་ཙམ་དུ་མ་ཟད་ནང་པའི་ལྟ་གྲུབ་ཀྱི་རྩ་བའི་རྨང་གཞི་ཞིག་ཀྱང་ཡིན།

Photo Paul Grogan

 

གཉིས་པ། ནང་པའི་ལྟ་གྲུབ་ཀྱི་ནང་དུ་གསུངས་པའི་འདུས་བྱས་ཐམས་ཅད་མི་རྟག་པ་ཡིན་པའི་ལྟ་བ་དེ་སྣོད་བཅུད་རྟེན་འབྲེལ་རིག་པའི་ནང་གང་བསྟན་པ་དང་ཡོངས་སུ་མཐུན། རིགས་རྫས་ནི་དུས་དང་མཐུན་པའི་ངང་ནས་འཕེལ་འགྱུར་འགྲོ་བཞིན་ཡོད་པ་དང་དེ་བཞིན་དུ་སྐྱེས་ལྡན་ཕྲ་རགས་རྣམས་རང་གི་གནས་ཡུལ་འགྱུར་ལྡོག་གི་འགྲོས་དང་བསྟུན་ནས་འགྱུར་བ་འགྲོ་བཞིན་ཡོད། གོང་གི་འགྱུར་ལྡོག་དང་དེ་དག་གི་ཤུགས་རྐྱེན་དེ་ཚོ་ཤེས་དགོས་པ་དང་བདག་སྐྱོང་བྱེད་དགོས་པ་ནི་སྣོད་བཅུད་རྟེན་འབྲེལ་གྱི་ཆོས་ཉིད་དེ་རྒྱུན་གནས་ཐུབ་པའི་རྐྱེན་རྩ་གཙོ་བོ་དེ་ཡིན།

གསུམ་པ། ནང་པའི་ཆོས་ནི་ཡོངས་གྲགས་སུ་སྙིང་རྗེའི་བདག་ཉིད་ཅན་གྱི་ཆོས་ལུགས་ཤིག་ལ་ངོས་འཛིན་བྱེད་བཞིན་ཡོད། ང་ཚོ་ཕན་ཚུན་བྱམས་བརྩེ་ལྡན་པའི་ཁོར་ཡུག་ཅིག་ཏུ་གནས་དགོས་པ་ལས་དེ་མིན་ང་ཚོའི་འཚོ་གནས་དེ་ཉིད་རྒྱུན་གནས་ཐུབ་པར་དཀའ། (དཔེར་ན། སྤྱིར་འགྲོ་བ་མིའི་ཐོབ་ཐང་དང་བྱེ་བྲག་ཏུ་མི་སྒེར་གྱི་ཆེ་མཐོང་། དེ་བཞིན་སྤྱི་ཚོགས་འདྲ་མཉམ་གྱི་ཐོབ་ཐང་སོགས་ཡར་རྒྱས་དང་དེར་གུས་བརྩི་བྱེད་དགོས་པ་ལྟ་བུ།)དེ་བཞིན་དུ་ང་ཚོའི་མཐའ་འཁོར་དུ་གནས་པའི་སེམས་ཅན་རྣམས་བྱམས་བརྩེས་སྐྱོང་དགོས། དེ་མ་ཟད་ཁོར་ཡུག་སྲུང་སྐྱོབ་བྱེད་དགོས་པའི་རྒྱུ་མཚན་གཞན་ཞིག་ནི་ང་ཚོས་འབྱུང་འགྱུར་གོ་ལ་འདིའི་སྟེང་དུ་འཚོ་དགོས་པའི་མི་རབས་རྗེས་མ་རྣམས་བྱམས་པ་དང་བརྩེ་བ། བག་ཕེབས་ངང་གནས་ཐབས་ཀྱིས་བསམ་ཞིབ་བྱ་དགོས།

བཤད་སྟངས་གཞན་ཞིག་ནས་བཤད་ན།གལ་སྲིད་མི་རབས་རྗེས་མའི་འཚོ་རྟེན་ལ་གནོད་པའི་ད་ལྟའི་གཏོར་བཅོམ་རང་བཞིན་ལྡན་པའི་ང་ཚོའི་བྱ་སྤྱོད་དེ་ཚོ་ངོས་འཛིན་ཐུབ་ན་ཁོར་ཡུག་ལ་དོ་ཕོག་མི་འགྲོ་བའི་ཐོག་འཚོ་གནས་བྱ་རྒྱུའི་འགོ་བརྩམ་སྲིད་པ་ཞིག་རེད། ནུབ་ཕྱོགས་སྤྱི་ཚོགས་ཀྱི་ད་ལྟའི་ཡར་རྒྱས་ཀྱི་རྣམ་པ་དེ་ཕྱོགས་ཡོངས་ལ་བསམ་ཞིབ་བྱས་ནས་བྱུང་བ་ཞིག་མ་ཡིན་པར་ཚན་པ་བྲེ་བྲག་པ་ཞིག་གི་ཐོག་ནས་བྱུང་བ་ཞིག་རེད། སྤྱིར་བཏང་མིན་པའི་ཚན་རྩལ་བཟོ་ལས་རིགས་ཡར་རྒྱས་ཧ་ཅང་གྲུབ་འབྲས་ཚད་མཐོར་སླེབས་ཟིན་ནའང་གནད་དོན་དེ་དག་ཁ་ཕྱོགས་བྱེ་བྲག་པའམ་སྒེར་གྱི་ཁེ་ཕན་གཙོ་བཟུང་བྱས་ནས་བྱུང་བ་ལས་སྤྱི་ཚོགས་དེ་གོང་བུ་གཅིག་ཡིན་པའི་ངོས་འཛིན་ཐུབ་པ་བྱུང་མེད།

དེའི་མཇུག་འབྲས་ལ་རྟེན་ནས་ད་ལྟ་ང་ཚོས་ཁོར་ཡུག་གི་དཀའ་ངལ་དེ་ཡང་བྱེ་བྲག་ཏུ་དབྱེ་ནས་སེལ་ཐབས་བྱེད་བཞིན་ཡོད།(དཔེར་ན། རྡོ་སོལ་དང་རྡོ་སྣུམ་སོགས་ལས་བཏོན་པའི་ནུས་པའི་ཚབ་ཏུ་ཉི་གློག་བེད་སྤྱོད་བྱེད་བཞིན་པ་ལྟ་བུ་ཡིན།) དཀའ་ངལ་བྱེ་བྲག་པ་སེལ་ཐབས་བྱེད་པ་དེ་ཚོ་བཟང་མོད་ཀྱང་།འཛམ་གླིང་ཁོར་ཡུག་གི་དཀའ་ངལ་གྱི་རྩ་བའི་འབྱུང་ཁུངས་ཏེ། འགྲོ་བ་མིའི་བྱ་སྤྱོད་ཀྱི་རིགས་ལ་ཐད་ཀར་ནུས་པའམ་ཤུགས་རྐྱེན་ཐེབས་ཐུབ་ཀྱི་མེད། དེ་ན་སྤྱི་ཚོགས་དང་ཁོར་ཡུག་རྒྱུན་གནས་ཐུབ་ཐབས་ལ་ང་ཚོ་ཇི་ལྟར་འཚོ་གནས་བྱེད་ན་འོས་སམ། བོད་ཀྱི་ནང་པའི་ཆོས་ཀྱི་ནང་ཡོངས་སུ་གྲགས་པའི་གཟུངས་སྔགས་ཨོཾ་མ་ཎི་པདྨེ་ཧཱུྃ་ཞེས་པ་དེ་སྙིང་རྗེ་དང་ཤེས་རབ་རང་རྒྱུད་ལ་སྐྱེས་བར་ཤོག་ཅེས་འགྲེལ་བཤད་རྒྱག་ན་ཆོག། སྙིང་རྗེ་དང་ཤེས་རབ་ཟུང་འབྲེལ་གྱི་འཚོ་ཐབས་ནི། ང་ཚོའི་བྱ་སྤྱོད་ལ་བརྟེན་ནས་ང་ཚོ་ཕན་ཚུན་དང་། གཞན་སྐྱེ་ལྡན་དང་སྐྱེ་ལྡན་མ་ཡིན་པ། དེ་བཞིན་དུ་འབྱུང་འགྱུར་མི་རབས་རྗེས་མ་རྣམས་ལ་ཤུགས་རྐྱེན་ཇི་ལྟར་ཐེབས་ཀྱི་ཡོད་པ་མངོན་སུམ་དུ་རྟོགས་ནས་ཁོར་ཡུག་ལ་གཏོར་བཅོམ་བཏང་བའི་ཚད་དེ་རིམ་པས་ཉུང་དུ་འགྲོ་རྒྱུ་དང་། དེ་ལ་བརྟེན་ནས་ང་ཚོའི་མི་ཚེ་སྐྱེལ་སྟངས་དེ་ཡང་ཚད་ལྡན་ནམ་ཡང་དག་པ་ཞིག་ཏུ་འགྱུར་ངེས་ཡིན་པས། དེ་དག་ནི་ང་ཚོའི་ཕྱིའི་སྣོད་ཀྱི་འཇིག་རྟེན་ལ་ཆེས་མེད་དུ་མི་རུང་བ་ཞིག་རེད།

ང་ཚོར་འགན་འཁྲི་ཞིག་ཡོད་པ་ནི་ལྷན་སྐྱེས་སུ་ཡོད་པའི་འགྲན་སེམས་དང་འདོད་རྔམས། མི་འབོར་འཕེལ་རྒྱས་སོགས་ལ་ཚད་བཀག་དང་སྟངས་འཛིན་བྱེད་དགོས་པ་དེ་ཡིན། ང་ཚོ་འཚོ་ཐབས་ལ་བོད་ཀྱི་ནང་པའི་ལྟ་གྲུབ་ཀྱིས་ཐུན་མོང་མ་ཡིན་པ་དང་ཧ་ཅང་རིན་ཐང་ལྡན་པའི་ལམ་སྟོན་གནང་ཡོད། དེ་ནི་སྣོད་བཅུད་རྟེན་འབྲེལ་གྱི་ཆོས་ཉིད་དང་མཐུན་པའི་ཡུན་གནས་འཚོ་ཐབས་དང་ཧ་ཅང་མཚུངས་པ་ཡིན། དེར་བརྟེན་བོད་ཀྱི་ནང་པའི་རྗེས་འཇུག་པ་ཚོས་རང་ཉིད་ཀྱི་ཤུལ་བཞག་རིགས་གནས་འདི་ལ་སྤོབས་པ་སྐྱེས་འོས་པ་དང་། བོད་ཀྱི་ནང་ཆོས་ཀྱིས་མིའི་རིགས་ལ་ཕན་ཐོགས་རླབས་ཆེན་བསྐྲུན་ཐུབ་པ་དང་དེ་བཞིན་དུ་ཁོར་ཡུག་ཉམས་རྒུད་ཀྱི་རྩ་བའི་རྒྱུ་རྐྱེན་དེ་གང་ཡིན་བསྟན་ཡོད་པ་དེ་འཛམ་གླིང་མི་མང་རྣམས་ཀྱིས་ངེས་པར་དུ་མཁྱེན་དགོས་པ་ཞིག་རེད།

དྲྭ་རྒྱའི་རྩོམ་སྒྲིག་པས་བོད་བསྒྱུར་བྱས།

By Paul Grogan

Plant and Ecosystem Ecologist

Dept. of Biology,

Queen’s University, Kingston, Canada.

https://tibetnature.net/en/buddhism-ecologically-sustainable-living/

 

 

ཐེངས་ 4214776 བཀླགས་འདུག