དབྱར་རྩྭ་དགུན་འབུ།
དབྱར་རྩྭ་དགུན་འབུ་ཞེས་པ་ནི་རྩ་ཆེའི་སྨན་རྫས་ཆེས་རིན་ཐང་ཆེན་པོ་ཞིག་ཡིན་ཞིང༌། ས་མཐོའི་བོད་དང་རི་བོ་ཧི་མ་ལ་ཡའི་རི་རྒྱུད་བལ་ཡུལ་དང་འབྲས་ལྗོངས་སོགས་ཀྱི་རི་མགོ་སྤང་ལྗོངས་དང་འབྲོག་ས་སོགས་སུ་ཐར་ཐོར་སྐྱེ་ཡི་ཡོད།
སྨན་རྩྭ་འདི་གཙོ་ཆེ་བ་བོད་ནང་སྐྱེ་ཞིང༌། དེ་ཡང་རྒྱ་མཚོའི་ངོས་ནས་མི་ཊར་ ༤༣༠༠ ནས་ ༥༠༠༠ བར་གྱི་ས་འབབ་མཐོ་ཚད་ལ་སྐྱེ་ཡི་ཡོད་པ་འཁྲུངས་དཔེ་དྲི་མེད་ཤེལ་གྱི་མེ་ལོང་ནང་གསལ་འདུག དབྱར་རྩྭ་དགུན་འབུ་ནི་དོན་དངོས་ཐོག་དབྱར་ཁ་རྩྭ་དང་དགུན་ཁ་སྲོག་ལྡན་འབུ་ཞིག་ཡིན་ཅིང༌། དེ་ཡང་འཁྲུངས་དཔེ་དྲི་མེད་ཤེལ་གྱི་མེ་ལོང་ལས། “ལོ་གཅིག་ལ་སྐྱེ་བའི་རྩྭ་རིགས་ཏེ་ཐོག་མར་དགུན་དུས་འབུ་མེ་ལྕེབ་ཕྱེ་ལེབ་རིགས་ཀྱི་འབུ་ཕྲུག་སའི་གཏིང་དུ་ཡོད་པའི་ལུས་ལ་འབུ་ཕྲ་ཞུགས་ནས་ཤི་བའི་ལུས་སླར་ཡང་སྐྱེ་དངོས་ཀྱི་རྩྭ་རུ་གྱུར་ནས་སྐྱེས་པ་ཡིན་པས། ཤ་རྒྱུའི་རྩ་བ་ཕྱི་སེར་ལ་ནང་དཀར་བ་འཕྲེད་གཉེར་དང་ལྡན་པ། མགོ་དང་ཁ་ཡོད་པ་མ་ཟད། ལྟོ་བར་རྐང་ལག་ཆ་བརྒྱད་ཡོད་པ་སོགས་འབུ་ཡི་ལུས་ཇི་ལྟར་བ་ལ། ལྟག་པའི་རྒྱུད་དུ་སྤུ་ཐུང་ནག་ཞིབ་ཐར་ཐོར་ཡོད་པ། ལུས་ཚད་ཕལ་ཆེར་སྨི་ ༠་༠༥ ནས་ ༠་༠༦ ཙམ་ཟིན་པ་སའི་ནང་ཐད་ཀར་ཟུག་པ་དང༌། ཟླ་ ༥ ནས་ ༦ པར་ས་ངོས་སུ་སྡོང་པོ་རྫ་སྨུག་གམ་ཁམ་ནག་སྟོད་སྦོམ་ཞིང་སྨད་ཕྲ་བ་ནང་ཤ་དཀར་པོ་ཅན། ཁོག་སྟོང་རིང་ཚད་སྨི་ ༠་༠༣ ནས་ ༠་༠༦ ཙམ་ཟིན་པ་མངོན་པ་དེ་འབུ་ལ་རྭ་སྐྱེས་པ་དང་འདྲ་བས་ཕལ་གྱིས་བེའུ་རྭ་ཞེས་ཟེར་ཡང་དོན་དུ་ཤ་མོའི་རིགས་ཡིན།
དེ་རིམ་བཞིན་ཆེ་རུ་རྒྱས་པ་དང༌། རྩ་བའི་བཅུད་དམ་ནུས་པ་ཞན་དུ་ཕྱིན་ནས་ཟླ་བ་ ༧ པ་ཙམ་ནས་ཕལ་ཆེར་རྩ་བ་རུལ་ཏེ་མེད་པར་འགྲོ་བ་”སོགས་གསལ་འདུག དབྱར་རྩྭ་དགུན་འབུ་ནི་གནའ་དུས་ནས་ཡོད་པའི་སྨན་རྩྭ་ཞིག་ཡིན་ཡང༌། སྤྱི་ཚོགས་ནང་དཔལ་འབྱོར་གྱི་རིན་ཐང་ལྡན་ཡོད་པ་དུས་རབས་ཉི་ཤུ་པའི་དུས་དཀྱིལ་ཙམ་ནས་གཞི་ནས་ཤེས་རྟོགས་དང་དར་སྲོལ་བྱུང་བར་མངོན། དེ་ནས་ལོ་ལྟར་ཕྱི་ཟླ་ ༤ ནས་ ༧ བར་ལ་བོད་རིགས་ཞིང་འབྲོག་མི་མང་ཆེས་མང་པོས་རྩ་ཆེན་སྨན་རྩྭ་འདི་རྐོ་རུ་རི་ཀླུང་དང༌། སྤང་གཤོང་སོགས་ལ་ཉིན་མཚན་བསྒྲིལ་ནས་ཟླ་བ་ཁ་ཤས་རིང་ཕྱོགས་སྐྱོད་བྱེད་ཀྱི་ཡོད་པ་དང༌། ཁྱིམ་ཚང་འགའ་ཤས་ཀྱི་ནང་མི་ཚང་མ་རྐོ་རུ་འགྲོ་ཡི་ཡོད། དབྱར་རྩ་དགུན་འབུ་རྐོ་བ་དང་ཉོ་ཚོང་བྱས་པར་བརྟེན་ནས་བོད་རིགས་འབྱོར་ལྡན་ཆགས་མཁན་གང་མང་བྱུང་ཡོད། དབྱར་རྩ་དགུན་འབུ་ནི་བོད་ཀྱི་ས་གཤིས་བཟང་ས་དང་ཐོན་ཁུངས་ཡོད་ས་མང་ཆེ་བར་ཡོད་པ་དང༌། འདི་རྐོ་དུས་སྔོ་ལྗང་ཅན་གྱི་སྤང་གཤོང་མང་པོ་ས་དོང་དྲོས་ཏེ་རང་བྱུང་ཁོར་ཡུག་ལ་གཏོར་སྐྱོན་ཚབས་ཆེན་ཡོང་གི་ཡོད་པ་མ་ཟད། གཞི་རྒྱ་ཆེ་བའི་སྤང་དང་རྩྭ་ཐང་ཆེས་མང་པོ་ཉམས་རྒུད་འགྲོ་ཡི་ཡོད།
དཔེར་ན་དབྱར་རྩྭ་དགུན་འབུ་རྐང་གཅིག་རྐོ་དགོས་ན་སྤང་ལ་མི་ཊར་གསུམ་ཙམ་རྐོ་སློག་དགོས་ཀྱི་ཡོད། རྩ་ཆེའི་སྨན་རྩྭ་འདི་རིགས་ཚད་ལས་བརྒལ་བ་སྔོག་འདོན་བྱས་པའི་རྐྱེན་གྱིས་རྩ་སྟོངས་སུ་འགྲོ་བའི་ཉེན་ཁའི་མཚམས་སུ་སླེབས་ཡོད་པ་དང༌། ལྷག་པར་དུ་རྨ་ཆུ་དང༌། རྫ་ཆུ། འབྲི་ཆུ་གསུམ་གྱི་རྒྱུད་དུ་ཡོད་པའི་དབྱར་རྩྭ་དགུན་འབུ་ནི་ཆེས་ཡག་ཤོས་སུ་བརྩི་ཡི་ཡོད་ཅིང༌། ཆུ་བོ་འདི་གསུམ་གྱི་རྒྱུད་དུ་གནས་པའི་མི་འབུམ་གཅིག་ལྷག་གི་ལོ་རེ་སྨན་རྩྭ་འདི་སྔོག་འདོན་བྱེད་ཀྱི་ཡོད་པས། ཆུ་ལོག་བརྒྱབ་པའི་གནས་ཚུལ་མང་པོ་ཡོང་སྟེ་འགྲོ་བ་མི་གཙོས་པའི་སེམས་ཅན་མང་པོ་འཚོ་གནས་ལ་གནོད་འཚེ་ཡང་ཡོང་གི་ཡོད། མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་པའི་སྐོར་བརྗོད་པ་ལྷག་བསམ་པདྨ་དཀར་བོའི་ཆུན་པོ་ཞེས་པའི་ནང་གསལ་བ་ལྟར་ན་དབྱར་རྩ་དགུན་འབུ་སྨིན་པའི་དུས་སུ་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་གྱི་ཁྲི་ཀ་རྫོང་སྒོ་མེ་གཡུ་ཚ་སྡེ་བའི་མཐའ་འཁོར་དུ་ཧོང་ཡོན་དང༌། ཧོང་ཀྲུང༌། ཧཱ་ལུང་གི་ཞིང་པ་རྣམས་ཀྱིས་གུར་ ༦༠༠ ཕུབ་སྟེ་གུར་གཅིག་གི་ནང་ཉུང་མཐར་མི་གྲངས་དྲུག་རེ་ཡོད་པ་དང༌། ད་དུང་རྫོང་ཁག་གཞན་ནས་ཡོང་བའི་མི་སོགས་བསྡོམས་ཉིན་རེར་མི་གྲངས་ཆིག་ཁྲི་ལྷག་གིས་སྒོ་མེ་གཡུ་ཚའི་ས་ཐོག་ཏུ་དབྱར་རྩྭ་དགུན་འབུ་རྐོ་སྟེ་རྩྭ་ཐང་ལ་གཏོར་སྐྱོན་གཏོང་གི་ཡོད་པ་སོགས་གསལ་ཡོད།
སྐྱེ་ཁམས་རིག་པ་བ་ཚོས་དབྱར་རྩྭ་དགུན་འབུ་རྐོ་རྒྱུ་ལ་དོ་དམ་མ་བྱས་ན་འབྱུང་འགྱུར་རང་བྱུང་ཁམས་ལ་ད་ལྟ་ལས་ལྷག་པའི་གནས་ཚུལ་ཚབས་ཆེན་ལྷགས་རྒྱུ་ཡིན་པ་ཚོད་དཔག་བྱེད་ཀྱི་ཡོད། ལྷག་པར་དུ་བོད་རིགས་ནང་ཁུལ་ཡུལ་སྡེ་དང་མི་སྒེར་བཅས་ཀྱི་བར་མི་འཆམ་པའི་གནད་དོན་འབྱུང་རྩ་ཞིག་ཀྱང་ཆགས་ཡོད་ལ། དབྱར་རྩྭ་དགུན་འབུ་གནའ་དུས་བོད་ཀྱི་སྲོལ་རྒྱུན་སྨན་རྫས་ནང་མ་གཏོགས་བེད་སྤྱོད་མེད་ཅིང༌། དེང་དུས་ཚན་རིག་ཤེས་བྱ་འཕེལ་རྒྱས་འགྲོ་བ་དང་བསྟུན། ཕྱི་ལུགས་སྨན་དང་བྱུག་རྫས་སོགས་ནང་ཆེས་དགོས་མཁོ་ཆེན་པོ་ཡོད་པ་མ་ཟད། ཕན་ནུས་ཡང་ཚད་མཐོ་པོ་ཡོད་པས། ཁྲོམ་རའི་ཐོག་རིན་གོང་ཆེས་ཆེན་པོ་ཆགས་ཡོད།
རྒྱ་ནག ཐེ་ཝན། ཧོང་ཀོང་སོགས་ལ་ཕྱི་ཚོང་བྱས་ཏེ་སྤྱི་རྒྱ་རེ་ལ་ཨ་སྒོར་ ༣༥༠༠ ནས་ ༥༠༠༠ བར་རག་གི་ཡོད། དབྱར་རྩྭ་དགུན་འབུ་ཡག་ཤོས་གྲངས་ ༩༠༠ ཙམ་གྱིས་རྒྱ་མ་གཅིག་ཆགས་ཀྱི་ཡོད་པ་དང༌། དུས་རབས་ཉི་ཤུ་བའི་ལོ་རབས་བདུན་ཅུ་ཙམ་ནས་བཟུང་རྒྱ་གཞུང་གི་བོད་རིགས་མང་ཚོགས་ལ་ཁྲལ་དེད་ཀྱི་སྒོས་བོད་ཀྱི་རྩ་ཆེན་སྨན་རྩྭ་རིགས་ཆེས་མང་པོ་འཐུ་རྐོ་བྱས་བཅུག་ཡོད་པས། དབྱར་རྩྭདགུན་འབུ་ཡང་ཨ་སྒོར་དུང་ཕྱུར་ལྷག་གི་རིན་ཐང་ལྡན་པའི་རྒྱ་ནག་ལ་དབོར་འདྲེན་བྱས་ཡོད་པ་བརྗོད་མི་དགོས། འབྱུང་འགྱུར་རྒྱ་ནག་གཞུང་གིས་སྟོངས་ལ་ཉེ་བའི་སྐྱེ་དངོས་རྩི་ཤིང་སྲུང་སྐྱོབ་ཀྱི་ཁྲིམས་གཞི་བཟུང་དབྱར་རྩྭ་དགུན་འབུ་སྔོག་འདོན་ལ་བཀག་འགོག་དོ་དམ་བྱེད་དགོས་པ་དང༌། ལྷག་པར་བོད་མི་རྣམས་ཀྱིས་ཀྱང་རང་མི་རིགས་ཀྱི་ཆོས་རིག་གོམས་གཤིས་དང་མཐུན་པའི་ཁོར་ཡུག་སྲུང་སྐྱོབ་ལ་འགན་འཁུར་གྱི་ཐོག་ནས་དབྱར་རྩྭ་དགུན་འབུ་སྔོག་འདོན་ལ་ཚོད་འཛིན་བྱེད་དགོས་པ་དང༌། དམིགས་བསལ་བོད་རིགས་རྣམས་ལ་འོས་འགན་ཆེན་པོ་ཡོད། མི་གྲངས་ཉུང་ཤས་ཤིག་དང༌། སྒེར་གྱི་ཁེ་ཕན་ལ་མ་གཟིགས་པར། ཕུགས་རྒྱང་རིང་པོ་དང་སའི་གོ་ལའི་ཁོར་ཡུག་སྲུང་སྐྱོབ་ལ་འགན་ཁུར་དང༌། རང་རྒྱལ་ཁབ་ཀྱི་ཐོན་རྫས་དང་རྒྱུ་ནོར་ལ་རང་ཉིད་ཀྱིས་ཚོད་འཛིན་མ་བྱས་ན་ཕྱིའི་མི་རིགས་ཀྱིས་ཚོད་འཛིན་དང་དོ་དམ་བྱེད་པར་དཀའ།།
དབྱར་རྩྭ་དགུན་འབུ་སྐོར་གྱི་དཔྱད་གཞིའི་ཡིག་ཆ།
1 འཁྲུངས་དཔེ་དྲི་མེད་ཤེལ་གྱི་མེ་ལོང༌། ཆབ་མདོ་སྨན་རྩིས་ཁང༌། ༢༠༠༢P.109,110
2 EIA & WPSI Skinning The Cat 2006. P.13
ཐེངས་ 42928 བཀླགས་འདུག