མགོ་ལོག་རྨ་ཆེན་རྫོང་དུ་རི་ཉིལ་ཏེ་མི་༩ ས་འོག་ཏུ་མནན་པ་སོགས་ཀྱི་གནས་ཚུལ་བྱུང་འདུག
བོད་ཕྱི་ནང་གི་གསར་འགྱུར་བརྒྱུད་ལམ་ཁག་འགའ་ཞིག་གི་ནང་གནས་ཚུལ་ཐོན་པ་ལྟར་ན། ཕྱི་ལོ་ ༢༠༡༧ ཟླ་ ༨ ཚེས་ ༣༠ ཉིན་གྱི་ཞོགས་པ་བོད་ནང་གི་ཆུ་ཚོད་ ༤:༣༠ ཙམ་ལ་མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ། རྨ་ཆེན་རྫོང་ཁོངས་རྭ་རྒྱ་རྡལ་གསེར་ཆེན་སྡེ་བའི་གཤགས་ལུང་ལ་རི་ཉིལ་བའི་རྐྱེན་གྱིས་ས་གནས་ཀྱི་བོད་མི་བདུན་གྱི་ཚེ་སྲོག་ཤོར་འདུག ཁྱིམ་ཚང་གསུམ་གྱི་མི་དགུ་དང་། སྒོ་ཕྱུགས་སེམས་ཅན་བརྒྱ་ལྷགས་འོག་ཏུ་མནན་ཡོད་པ་དང་། ས་གནས་སེར་སྐྱ་མི་མང་དང་མྱུར་སྐྱོབ་མི་སྣས་ཛ་དྲག་མྱུར་སྐྱོབ་བྱས་ཏེ་ད་ལྟའི་ཆར་མི་གསུམ་ས་འོག་ནས་འདོན་ཐུབ་པ་བྱུང་བ་དང་། མི་གཉིས་སྨན་ཁང་དུ་བསྐྱལ་ཡོད་པའི་ནང་ནས་མི་གཅིག་གི་ཚེ་སྲོག་ལ་ཉེན་ཁ་ཆེན་པོ་ཡོད་འདུག
ཤེས་རྟོགས་བྱུང་བ་ལྟར་ན། ཐེངས་འདིའི་རང་བྱུང་གནོད་འཚེས་གཞུང་ལམ་ S101 ཞེས་པ་འགག་པ་མ་ཟད། འགྲམ་གྱི་རྒྱུག་ཆུའང་འགག་ཡོད་འདུག རི་ཉིལ་དོན་རྐྱེན་བྱུང་སྐབས་མི་དང་ནོར་ལུག་མང་པོ་ཉེ་འགྲམ་དུ་ཡོད་པ་དང་། ས་གནས་འབྲེལ་ཡོད་ཅིག་གིས་མི་ཤི་བའི་གྲངས་འབོར་འཕར་བཞིན་ཡོད་སྐོར་ཡང་བརྗོད་འདུག
དེ་བཞིན་ས་གནས་འབྲོག་པའི་སྒོ་ཕྱུགས་སེམས་ཅན་བརྒྱ་ལྷག་ཤི་ཤོར་བ་དང་། ད་ལྟའི་ཆར་ས་གནས་ཡོངས་རྫོགས་ཆར་ཆུས་ཁེངས་ནས་ཡོད་པ་དང། སྨད་རྒྱུད་ཀྱི་འབྲོག་མང་ཚོགས་ ༦༠ ལྷག་བདེ་འཇགས་ངང་ས་གནས་གཞན་དུ་གནས་སྤོས་ཟིན་ཡོད་སྐོར་ཡང་བཀོད་འདུག་ཅིང་། གནས་ཚུལ་དབྱེ་ཞིབ་པ་ཚོས་ད་ཐེངས་ཀྱི་ཆུ་ལོག་འདི་ནི་གོ་ལའི་གནམ་གཤིས་ལ་འགྱུར་བ་ཧ་ཅང་ཆེན་པོ་འགྲོ་བཞིན་པས་ཡིན་སྐོར་བརྗོད་བཞིན་ཡོན་པ་རེད་འདུག
ཐེངས་ 42521 བཀླགས་འདུག