དོམ་ཁྲ་དམར་ཆུང༌།
དོམ་ཁྲ་དམར་ཆུང་ནི་དོམ་རིགས་ཤིག་ཡིན་པ་དང༌། ཕྱི་ལོ་ ༡༨༢༠ ལོར་གཞི་ནས་རྙེད་སོན་བྱུང་ཡོད། སྲོག་ཆགས་འདི་བོད་ཀྱི་ལྷོ་ཕྱོགས་དང་འགྲམ། བདེ་ཆེན། རྒྱལ་ཐང༌། འབའ་ལུང༌། རྒྱལ་རོང་སོགས་བོད་ས་ཁུལ་གྱི་གྲོག་རོང་དང་གནམ་གཤིས་ཅུང་དྲོད་ཚད་ངེས་ཅན་ཡོད་སའི་ས་གནས་ཀྱི་ཤིང་ནགས་སོགས་ནང་འཚོ་གནས་བྱེད། དེ་བཞིན་ཧི་མ་ལ་ཡའི་ས་ཁུལ་བལ་ཡུལ་དང༌། འབྲས་ལྗོངས་སོགས་སུ་འཚོ་གནས་བྱེད་ཀྱི་ཡོད་པས། འབྲས་ལྗོངས་པ་རྣམས་ཀྱིས་ཁོང་ཚོའི་ཡུལ་གྱི་རི་སྐྱེས་སྲོག་ཆགས་དམིགས་བསལ་དང་རྩ་ཆེ་ཤོས་སུ་བརྩི་ཡི་ཡོད། འཚོ་བའི་གོམས་གཤིས་ནི་ངོ་ཚ་ཆེ་ཞིང༌། ཟས་སུ་རྩི་ཤིང་དང༌། སྨྱུག་མ། བྱ་དང་བྱིའུ། འབུ་སྲིན་རིགས་སོགས་ཟ་ཡི་ཡོད། དོམ་ཁྲ་དམར་ཆུང་ནི་གཟུགས་ཚད་ཆུང་ཙམ་ཡོད་པས། རིང་ཚད་ལ་སན་ཊི་མི་ཊར་ ༥༥ ནས་ ༦༥ བར་དང༌། རྔ་མ་རིང་ཐུང་ཕལ་ཆེར་གཟུགས་པོའི་རིང་ཚད་དང་འདྲ་ཞིང༌། རིང་ཚད་སན་ཊི་མི་ཊར་ ༤༠ ནས་ ༤༥ བར་ཡོད། ལྗིད་ཚད་སྤྱི་རྒྱ་ ༡༥ ནས་ ༢༠ བར་ཡོད། བོད་གངས་ཅན་ལྗོངས་ཀྱི་རྩ་ཆེའི་སྲོག་ཆགས་ངོ་སྤྲོད་ནང་གསལ་ལྟར་ན་དོམ་ཁྲ་དམར་ཆུང་ལུས་ཀྱི་སྤུ་མདོག་ནི། ཁ་དང་རྣ་བའི་མཐའ་ཡི་སྤུ་མདོག་དཀར་པོ་དང༌། མཆུ་དང་སྣའི་མདོག་ནག་པོ། མགོ་དང་མ་ལེ། ལྟོ་ངོས། རྐང་ལག་བཅས་ནི་སྤུ་མདོག་ཁམ་ནག་ཡོད་པ་བཤད་འདུག
སྤྱིའི་ལུས་ཀྱི་སྤུ་མདོག་ནི་རྫ་དམར་ཤས་ཆེ་ཙམ་ཡོད། དོམ་ཁྲ་དམར་ཆུང་རྒྱུན་དུ་འགའ་ཤས་ཙམ་ཁྱུ་བྱས་ནས་སྡོད་སྲོལ་ཡོད་པ་དང༌། གྲུས་རྩ་ལངས་སྐབས་སྐད་ཅོར་བརྒྱབ་ནས་ཟླ་བོ་འཚོལ། ཕྱི་ཟླ་གསུམ་པ་དང་བཞི་པར་གྲུས་རྩ་ལངས་པའི་དུས་ཡིན་ཞིང༌། དོམ་ཕྲུག་མའི་ཁོག་ནང་སྡོད་ཡུན་ཟླ་གསུམ་ལྷག་ཙམ་ཡིན། དོམ་ཕྲུག་ ༡ ནས་ ༣ བར་སྐྱེ་འཕེལ་བྱེད་པ་དང༌། དེ་ཡང་ཉིན་གྲངས་ ༢༠ ཙམ་རྗེས་ནས་མིག་ཕྱེ་ཡི་ཡོད། དོམ་ཁྲ་དམར་ཆུང་གི་ཚེ་ཚད་ལོ་ ༡༠ ནས་ ༡༤ བར་ཡིན། སྲོག་ཆགས་འདི་རྔོན་རྒྱག་བྱས་པ་མ་ཟད། འཚོ་གནས་ཀྱི་ཁོར་ཡུག་རྒྱ་ཆུང་དུ་འགྲོ་བ། ཁ་ཟས་རྩི་ཤིང་སོགས་ཉུང་དུ་འགྲོ་ཡི་ཡོད་པས་སྟོངས་ལ་ཉེ་བའི་རི་སྐྱེས་སྲོག་ཆགས་ཀྱི་གྲས་ཤིག་ཡིན།
རྒྱལ་སྤྱིའི་སྟོངས་ལ་ཉེ་བའི་རི་སྐྱེས་སྲོག་ཆགས་དང་སྐྱེ་དངོས་ཉོ་ཚོང་གི་ཁྲིམས་ཡིག་ནང་སྟོངས་ལ་ཉེ་བའི་སྲོག་ཆགས་སྲུང་སྐྱོབ་ཀྱི་ཟུར་རྒྱན་དང་པོའི་ནང་བཞག་ཡོད་པ་དང༌། རྒྱལ་སྤྱིའི་རང་བྱུང་སྲུང་སྐྱོབ་མཉམ་འབྲེལ་ལྷན་ཚོགས་ཀྱི་སྟོངས་ལ་ཉེ་བའི་ཛ་དྲག་གི་ཟིན་ཐོ་དམར་པོའི་ཟུར་རྒྱན་དང་པོའི་ནང་བཞག་ཡོད། རྒྱ་དཀར་ནག་གཉིས་ཀྱིས་བདག་མེད་སེམས་ཅན་ཁྲིམས་ལྟར་རིམ་པ་དང་པོའི་སྲུང་སྐྱོབ་གྲས་སུ་བཞག་ཡོད་པ་རེད།།
ཐེངས་ 42307 བཀླགས་འདུག