ཉིན་མཚན་འགའ་ཤས་དྲག་ཆར་འབབ་རྐྱེན་ལྷ་སར་གྲོང་ཁྱེར་ཆུ་ཡི་ཁེངས་པ།
ཕྱི་ལོ། ༢༠༡༤ ཟླ། ༧་ཚེས། ༡༧ ཉིན། ཉིན་འདི་ཚོར་བོད་ཀྱི་རྒྱལ་ས་ལྷ་སར་དྲག་ཆར་བབས་ཏེ་ཆུ་ལོག་གིས་དཀའ་ངལ་འཕྲད་ཀྱི་ཡོད་འདུག
བོད་ཀྱི་རྒྱལ་ས་ལྷ་སར་བསྟུན་མར་དྲག་ཆར་བབས་ཏེ་ལྷ་ས་གྲོང་ཁྱེར་གྱི་གཙོས་གྲོང་ཁྱེར་ཉེ་འཁོར་དུ་ཆུ་ལོག་རྒྱུག་ཡོད་པ་དང་། ཕྱི་ཕྱོགས་སུ་འབྱོར་བའི་པར་རིས་དག་ལས་གཙུག་ལག་ཁང་གི་མདུན་དུ་དང་གཞུང་ལམ་དུ་ཆུ་ཡིས་ཁེངས་ཏེ། བར་སྐོར་བ་དང་འགྲུལ་བ་ཚོར་དཀའ་ངལ་འཕྲད་བཞིན་འདུག
ཁ་པར་བརྒྱུད་ལྷ་སར་ཡོད་པའི་ཨ་མ་ཞིག་གིས་བརྗོད་རྒྱུར། ཉིན་གྲངས་གསུམ་བཞི་ནས་བཟུང་ཉིན་མཚན་མེད་པར་ཆར་པ་ཤུགས་ཆེན་པོ་བབས་ཏེ། གཞུང་ལམ་མང་པོ་ཆུ་ཡིས་ཁེངས་སྟབས་ཕྱི་ལོགས་སུ་འགྲོ་ཐུབ་ཀྱི་མི་འདུག ང་ཉིན་ལྟར་རྩེ་སྐོར་དང་གླིང་སྐོར་དུ་ཐེངས་གཅིག་འགྲོ་བཞིན་ཡོད་ཀྱང་། ཉིན་འདི་ཚོར་ཁྱིམ་དུ་འཛུལ་ནས་སྡོད་རྒྱུ་མ་གཏོགས་འགྲོ་ས་མི་འདུག ཅེས་བརྗོད་བྱུང་།
གཞན་ཡང་། ཟླ་འདིའི་ཕྱི་ཚེས་ ༨ ཉིན་གྱི་དགོང་མོར་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ཁྲི་ཀ་རྫོང་དང་དར་མཚོ་རྫོང་། འབའ་རྫོང་སོགས་སུ་ཆུ་ལོག་རྒྱུག་སྟེ། ཆུ་རགས་གཏོར་བ་དང་ཞིང་ཁ་བསྣུབས་པ་སོགས་དཔལ་འབྱོར་ཐད་གྱོང་གུད་ཆེན་པོ་ཐེབས་ཡོད་པའི་གནས་ཚུལ་ཐོན་འདུག
གནས་ཚུལ་ཡོངས་ཁུངས་བོད་ཀྱི་དུས་བབ་དྲ་བ།
ཐེངས་ 42323 བཀླགས་འདུག