Donate

སྟག་གི་སྐོར།

སེམས་ཅན་སྟག་ནི་བསྐལ་པ་ཡར་ཐོག་སྐབས་སུ་གླིང་ཆེན་ཨེ་ཤི་ཡ་བྱང་རྒྱུད་ནས་རིགས་བརྒྱུད་མཆེད་དེ། རིམ་བཞིན་ལོ་ངོ་ཁྲི་གཅིག་སྔོན་དུ་ཧི་མ་ལ་ཡའི་རི་རྒྱུད་དུ་དར་ཁྱབ་ཕྱིན། སྟག་ནི་འོ་འཐུང་དང་ཤ་གཟན་སྲོག་ཆགས་དེ་བཞིན་སྡེར་མོ་ཅན་གྱི་ཁོངས་སུ་གཏོགས། སྟགསྤྱིར་སྟག་ལ་ནང་གསེས་རིགས་མི་འདྲ་བ་བརྒྱད་ཡོད་པ་དང༌། དེའི་ནང་རིགས་གཙོ་བོ་གཉིས་ཡོད་པས་བྷང་གྷ་ལེ་སྟག་དང་སི་བྷེ་རི་ཡ་སྟག་གཉིས་ཡིན། སྟག་གི་རིགས་གསུམ་ནི་དུས་རབས་ཉི་ཤུ་པའི་དུས་དཀྱིལ་ཙམ་ནས་རྩ་སྟོངས་སུ་ཕྱིན་པ་ངོས་འཛིན་བྱེད་ཀྱི་ཡོད། རིགས་ལྔ་ད་ལྟ་གནས་ཡོད་པ་རེད། སྟག་གི་རིགས་ནང་ནས་གྲངས་འབོར་མང་ཤོས་དེ་བྷང་གྷ་ལེ་སྟག་ཡིན་ཞིང་ད་ལྟའི་ཆར་ ༣༠༠༠ ནས་ ༤༥༠༠ བར་ཡོད་པ་ཚོད་དཔག་བྱེད་ཀྱི་ཡོད། རྒྱ་གར་བྷང་གྷ་ལེ་སྟག་ཕོ་ཡི་མགོ་ནས་རྔ་མ་བར་དུ་རིང་ཚད་ལ་མི་ཊར་ ༣ དང༌། ལྗིད་ཚད་ལ་སྤྱི་རྒྱ་ ༡༨༠ ནས་ ༢༥༨ ཙམ་ཡོད། སྟག་མོའི་གཟུགས་གཞི་ཕོ་ལས་ཆུང་བས་མགོ་ནས་རྔ་མ་བར་རིང་ཚད་ལ་མི་ཊར་ ༢་༤ ནས་ ༢་༧ བར་ཡོད་པ་དང༌། ལྗིད་ཚད་ལ་སྤྱི་རྒྱ་ ༡༠༠ ནས་ ༡༦༠ བར་ཡོང་གི་ཡོད། བྷང་གྷ་ལེ་སྟག་གི་སྤུ་མདོག་ནི་ཁམ་སེར་རམ་སེར་སྐྱ་དང་སེར་མུག དཀར་སྐྱ་སོགས་ཡོང་གི་ཡོད།

སྤྱིར་ཐིག་རིས་ནག་ཤས་ཆེ་ལ་དྭངས་བ་དང༌། ཁྲ་བཅད་གཙང་བ། ལྟོ་ངོས་དཀར་པོ་ཡིན། སྟག་གི་སྤུ་མདོག་ནི་དབྱར་དགུན་སྟོན་དཔྱིད་སོགས་དུས་བཞིའི་འགྱུར་བ་ལ་བརྟེན་ནས་རིང་ཐུང་སོགས་ཡོང་གི་ཡོད། དགུན་ཁ་ལྟ་བུ་ལ་མཚོན་ན་སྤུ་རིང་ཞིང་ཁུ་ལུ་འཐུག་པ་དང༌། ཐིག་རིས་ནག་ལ་དྭངས་མ་དང༌། སྟོན་ཁ་སྤུ་ཐུང་ཞིང་ཁུ་ལུ་སྲབ། ཐིག་རིས་གསལ་ཞིང་མདངས་ཆ་ཆེ། དཔྱིད་ཁ་སྤུ་དང་ཁུ་ལུ་ཅུང་ཉུང་བས་སྤུ་ཁ་གསལ་ཆ་དེ་ཙམ་མེད། དབྱར་ཁ་སྤུ་ཧྲལ་ཞིང་ཁུ་ལུ་མེད་པས་སྤུ་ཁའི་ཁྲ་སོགས་མི་གསལ་བ་ཡོང་གི་ཡོད། བྷང་གྷ་ལེ་སྟག་མང་ཆེ་བ་གླིང་ཆེན་ཨེ་ཤི་ཡའི་རྒྱལ་ཁབ་རྒྱ་གར་ནང་འཚོ་གནས་བྱེད་ཀྱི་ཡོད་པ་དང༌། ཐག་ཉེ་ཁྱིམ་མཚེས་རྒྱལ་ཁབ་བོད་དང༌། བལ་ཡུལ། རྒྱ་ནག བྷང་ལ་དྷེ་ཤི། འབར་མ་སོགས་སུ་ཡང་ཉུང་ཤས་ཙམ་དར་ཁྱབ་ཕྱིན་ཡོད། བོད་ནང་ལ་མཚོན་ན་ལྷོ་ཕྱོགས་ས་ཁུལ་དང༌། ཡར་ཀླུང་གཙང་པོའི་བརྒྱུད། མེ་ཏོག རྫ་ཡུལ། གངས་རི་གནམ་ལྕགས་འབར་བ་ཁུལ་དུ་གནས་བཞིན་ཡོད་པར་གྲགས།

བྷང་གྷ་ལེ་སྟག་གི་རིགས་ནི་གནམ་གཤིས་ཚ་གྲང་གཉིས་ཀ་ཡོད་སར་གནས་ཐུབ་ཀྱི་ཡོད། སི་བྷེ་རི་སྟག་ནི་བྷང་གྷ་ལེ་སྟག་ལས་ཅུང་ཙམ་ཆུང་བ་ཡོད་པ་དང༌། སྤུ་མདོག་དང་འཚོ་བའི་གོམས་གཤིས་ཡང་ཅུང་ཙམ་འདྲ་ཡི་མེད། རྒྱལ་སྤྱིའི་སྲོག་ཆགས་རིག་པ་བ་ཚོས་སི་བྷེ་རི་སྟག་གི་གྲངས་འབོར་ ༤༠༠ ཙམ་ལས་ལྷག་མེད་པ་ཚོད་དཔག་བྱེད་ཀྱི་ཡོད། སྟག་གི་ཁ་ཟས་གཙོ་བོ་ཤྭ་བ་དང༌། གླང་ཆེན། རི་ཕག བསེ་རུ་སོགས་སེམས་ཅན་མང་པོ་བསད་ནས་ཟ་ཡི་ཡོད་པས་སེམས་ཅན་མ་བསད་གོང་ཆུ་ཚོད་ཕྱེད་ཀ་ཙམ་འཇམ་མྱུལ་རྒྱག་བཞིན་ཡོད། སྟག་ཕལ་ཆེ་བས་བདུན་ཕྲག་གཅིག་ལ་སེམས་ཅན་ཆེན་པོ་གཉིས་ཙམ་མ་གཏོགས་གསོད་ཀྱི་མེད་པས། དེས་ཉིན་ཁ་ཤས་ལ་ཟ་རྒྱུ་འདང་གི་ཡོད་ཅིང༌། དེ་ཡང་རང་ཉིད་ཀྱི་ལུས་ལྗིད་ཚད་ཕྱེད་ཙམ་ཡོད་པའི་སེམས་ཅན་རྣམས་ཀྱི་གཉའ་དང་སྐེ་འཇུས་ཏེ་མཆི་བ་བརྒྱབ་ནས་བསད་པ་དང༌། དེ་ལས་ཆེ་བ་རྣམས་མིད་པར་འཇུས་ནས་གསོད་ཀྱི་ཡོད།

སྟག་རྣམས་ཆིག་སྒྲིལ་དང་ལྷག་པར་དུ་སེམས་ཅན་གསོད་སྐབས་དཔུང་འགྲིགས་ཀྱིས་མ་ཡིས་སྟག་ཕྲུག་རྣམས་ཁྲིད་དེ་སེམས་ཅན་བསད་དེ་མཉམ་ཟ་བྱེད་ཀྱི་ཡོད། སྡེར་མོ་ཅན་ལ་གཅན་གཟན་ཟེར་བའི་དཔེ་ལྟར་སྡེར་མོ་ཧ་ཅང་རྣོ་བ་མ་ཟད་མཁྲེགས་པོ་ཡང་ཡོད། སྟག་ནི་ཆུ་རྐྱལ་རྒྱག་རྒྱུ་ལ་དགའ་པོ་ཡོད་པས་ཆུ་གྲང་མོའི་ནང་ཡང་སེ་འཛུལ་བ་དང་ཤིང་སྡོང་སྒང་ལ་འཛེག་པའི་འཆོང་རྩལ་སོགས་ལ་ཧ་ཅང་ཆེ་ཞིང༌། སྲོག་ཆགས་འདིས་ཉིན་གཅིག་ལ་ལེ་དབར་ ༦ ནས་ ༡༢ བར་འགྲོ་སྐྱོད་དང་སྡོད་གནས་ས་ཆ་རྒྱ་ཁྱོན་གྲུ་བཞི་མ་ལེ་དབར་ ༣་༩ ནས་ ༡༥ ཙམ་བདག་བཟུང་བྱེད་ཀྱི་ཡོད། སྟག་ཕོ་མོ་གྲུས་རྩ་ལངས་སྐབས་མཉམ་སྡོད་དང་སེམས་ཅན་སོགས་མཉམ་གསོད་བྱས་ཏེ་ཁ་ཟས་ལ་ལོངས་སུ་སྤྱོད་ཀྱི་ཡོད།

སྟག་དཀར་པོ།སྟག་ལ་དམིགས་བསལ་ཆགས་འཕེལ་གྱི་དུས་ཤིག་མེད་ཅིང༌། བྷང་གྷ་ལེ་སྟག་མང་ཆེ་བ་དབྱར་ཀ་ཆར་དུས་རྗེས་ནས་ཆགས་འཕེལ་བྱེད་ཀྱི་ཡོད། སྟག་མོའི་ཕྲུ་གུ་སྐྱེ་བའི་དུས་ཚོད་ནི་ལོ་གཉིས་ནས་གཉིས་དང་ཕྱེད་ཙམ་རེ་རེ་ནང་ཡིན་ཅིང༌། མངལ་གྱི་སྦྲུམ་ཡུན་ཉིན་གྲངས་ ༡༠༤ ཙམ་ཡིན། སྟག་ཕྲུག་སྐྱེ་བའི་དུས་ཚོད་ནི་ཕྱི་ཟླ་གཉིས་པ་ནས་ལྔ་པ་བར་ཡིན་པ་དང་སྤྱིར་བཏང་ཐེངས་རེ་ལ་སྟག་ཕྲུག་གྲངས་ ༡ ནས་ ༤ བར་སྐྱེ་འཕེལ་བྱེད་ཅིང༌། མང་ཤོས་ལ་སྟག་ཕྲུག་ ༧ ཙམ་སྐྱེ་བ་ཡོང་གི་ཡོད། སྟག་ཕྲུག་ཐོག་མར་སྐྱེ་སྐབས་ལྗིད་ཚད་ལ་སྤྱི་རྒྱ་གཅིག་དང་ཕྱེད་ཙམ་དང༌། མིག་ཕྱེ་བའི་དུས་ཡུན་ཉིན་ ༡༥ ཙམ་འགོར། སྤྱིར་སྟག་གི་ཚེ་ཚད་ནི་ལོ་ ༡༠ ཙམ་ཡིན་ཞིང་ཚེ་རིང་ཤོས་ལོ་ ༢༦ བར་དུ་བསྡོད་ཀྱི་ཡོད། འཛམ་གླིང་ནང་སྟག་གི་གྲངས་འབོར་ ༤༥༠༠ ནས་ ༧༠༠༠ བར་ཡོད་པའི་ཚོད་དཔག་བྱེད་ཀྱི་ཡོད་པས། དེའི་ནང་ནས་བརྒྱ་ཆ་ཕྱེད་ཙམ་རྒྱ་གར་ནང་འཚོ་གནས་བྱེད་ཀྱི་ཡོད་པ་རེད།།

སྟག་སྲུང་སྐྱོབ་ཀྱི་ཁྲིམས་ལུགས་གཏན་འབེབས། 

རྒྱ་གར་ནང་ལྷགས་པའི་སྟག་གི་དོན་རྐྱེན་སྐོར།

རྒྱ་ནག་ནང་ལྷགས་པའི་སྟག་གི་དོན་རྐྱེན།

བོད་པས་སྟག་ལྤགས་བེད་སྤྱོད་དང་ཉོ་ཚོང༌། 


ཐེངས་ 42362 བཀླགས་འདུག