Donate

ཤྭ་བའི་སྐོར།

ཤྭ་བ་ནི་བསྐལ་པ་ཡར་ཐོག་གི་སྲོག་ཆགས་རིགས་རྒྱུད་ཅིག་ཡིན་ཞིང༌། དེ་ཡང་འོ་འཐུང་དང་རི་དྭགས་ཀྱི་རིགས་སུ་གཏོགས། སྲོག་ཆགས་འདི་འཛམ་གླིང་གླིང་ཆེན་ཨེ་ཤི་ཡ་དང༌། ཡོ་རོབ། ལྷོ་ཨ་ཧཕི་རི་ཁ། བྱང་ཨ་མི་རི་ཁ། ཨོ་སི་ཊི་ལི་ཡ་སོགས་སུ་འཚོ་གནས་བྱེད་བཞིན་ཡོད།

ཤྭ་བ།བོད་ཀྱི་ས་སྟོད་སྨད་བར་གསུལ་ལ་ཤྭ་བ་རིགས་མི་འདྲ་བ་འགའ་ཤས་འཚོ་གནས་བྱེད་ཀྱི་ཡོད་པ་དང༌། དེ་ཡང་ཤྭ་བ་མཆུ་དཀར་དང༌། ཤྭ་བ་སེར་ཆེན། ཤྭ་བ་ཐིག་ལེ་ཅན། ཤྭ་བ་མགོ་ཟིང༌། ཤྭ་ནག་དང༌། དེ་བཞིན་ཤྭ་དམར་སོགས་ཡོད། བོད་ནང་མགོ་ལོག་ཆིག་སྒྲིལ་རྫོང་དང་ཡུལ་ཤུལ་གྱི་ས་ཁུལ་འགའ་ཤས་ལ་ཤྭ་བ་རིགས་ཤིག་སྒོ་ཕྱུགས་སུ་གསོ་ཉར་བྱེད་མཁན་ཡང་ཡོད་པ་རེད།

ཤྭ་བ་ནི་རྒྱ་མཚོའི་ངོས་ནས་མཐོ་ཚད་མི་ཊར་ ༣༠༠༠ ནས་ ༥༠༠༠ བར་ལ་འཚོ་གནས་བྱེད། སྲོག་ཆགས་འདིའི་རིགས་ནི་རྩྭ་ཐང་དང༌། སྤངས་ལྗོངས། ནགས་ཚལ་གསེབ་ཏུ་འཚོ་གནས་བྱེད་ཅིང༌། ཁ་ཟས་གཙོ་བོ་རྩྭ་ཟ་ཆུ་འཐུང་ཁོ་ནར་རོལ། ལུས་ཀྱི་སྤྱིའི་རིང་ཚད་ནི་གནས་ཡུལ་དང་ས་བབས་ལ་བརྟེན་ནས་མི་འདྲ་བ་མང་ཡང༌། བོད་ས་ཁུལ་དུ་འཚོ་གནས་བྱེད་བཞིན་པའི་ཤྭ་བ་ལ་མཚོན་ན་སྤྱིར་ལུས་ཀྱི་རིང་ཚད་ལ་མི་ཊར་ ༢ ཙམ་དང༌། མཐོ་ཚད་ལ་མི་ཊར་ ༡ ལྷག་ཙམ། ལྗིད་ཚད་ལ་སྤྱི་རྒྱ་ ༢༠༠ ལྷག་ཙམ་ཡོད་ཅིང༌། ཤྭ་བ་ཕལ་ཆེ་བ་རྐང་ལག་དང་སྐེ་རིང་པོ་ཡོད་པས་རི་དྭགས་ཀྱི་རིགས་ནང་ནས་གཟུགས་སྟོབས་ཆེ་གྲས་ཡིན། ཡིན་ནའང་རྔ་མ་ཐུང་ཞིང་ར་ལུག་གི་རྔ་མ་ཙམ་ལས་རིང་ཐུང་མེད།

ཕོ་ལ་རིན་ཐང་ལྡན་པའི་རྭ་ཆ་གཅིག་ཡོད་པ་མ་ཟད། རྭ་ལ་ཡན་ལག་རིང་ཐུང་མི་འདྲ་བ་ཁ་ཤས་སྐྱེ། ཤ་བའི་རྭ་ནམ་དུས་དང་བསྟུན་ནས་འཕོ་འགྱུར་འགྲོ་བཞིན་ཡོད་པ་དང༌། དགུན་སྨད་ལ་རྭ་རྙིང་པ་རིམ་བཞིན་དོར་ནས་བརྗེ་པོ་རྒྱག་མགོ་ཚུགས་ཤིང༌། རྭ་གསར་པ་སྐྱེ་ཡི་ཡོད་པ་དང༌། རྭ་གསར་པ་ཐོག་མར་སྐྱེ་སྐབས་ཁྲག་གི་ཁེངས་ཡོད་ཅིང༌། གསར་དུ་སྐྱེས་པའི་རྭ་ལ་ཤྭ་བའི་ཁྲག་ར་ཞེས་ཟེར། ཤྭ་བའི་ལུས་ཀྱི་སྤུ་མདོག་ནི་གནས་ཡུན་དུས་བཞི་སོགས་འགྱུར་བ་རང་བཞིན་གྱིས་འགྲོ་ཡི་ཡོད། མོ་ལ་རྭ་མེད་ཅིང་ཡུ་མོ་ཞེས་ཀྱང་འབོད།

 བོད་ས་ཁུལ་དུ་གནས་པའི་ཤྭ་བའི་སྤུ་མདོག་ནི་ཁམ་དམར་དང་ཁམ་སྨུག་སོགས་ཡོང་གི་ཡོད་པ་དང༌། ཡོ་རོབ་ཁུལ་དུ་ཤྭ་བ་མུག་སི་ཟེར་བ་རིགས་ཤིག་ཡོད་པས་ཤྭ་བའི་ནང་ནས་ཆེས་ཆེ་ཤོས་གྲས་སུ་བརྩི་བཞིན་ཡོད་པ་དང༌། ལུས་ཀྱི་མཐོ་ཚད་ལ་མི་ཊར་ ༡་༤ ནས་ ༢་༣༥ བར་དང༌། ལྗིད་ཚད་ལ་སྤྱི་རྒྱ ༢༠༠ ནས་ ༨༢༥ བར་ཡོད། ཤྭ་བ་འདིའི་རྭ་ཆེ་ཞིང་རིང་ལ་ཡལ་ག་མང་པོ་ཡོད་པས། རིང་ཚད་ལ་མི་ཊར་ ༡་༨ དང༌། རྭའི་ལྗིད་ཚད་ལ་སྤྱི་རྒྱ་ ༢༠ ཙམ་ཡོད་པ་རེད།

ཤྭ་བ་ཕོའི་རིགས་མང་ཆེ་བ་ཁེར་རྐྱང་གི་འཚོ་བར་རོལ་རྒྱུར་དགའ་ཞིང༌། ཕོ་མོ་གྲུས་རྩ་ལངས་སྐབས་མ་གཏོགས་རྒྱུན་དུ་ཁེར་རྐྱང་དུ་གནས་ཀྱི་ཡོད། མོ་རྣམས་ཁྱུ་ཚོགས་བྱས་ནས་སྡོད་ཀྱི་ཡོད། ཤྭ་བ་རིགས་ཀྱི་མངལ་སྦྲུམ་དུས་ཡུན་མི་འདྲ་བ་མང་པོ་ཡོད་ལ། ཡིན་ནའང་སྐྱེ་འཕེལ་ལོ་གཅིག་ལ་ཐེངས་གཅིག་མ་གཏོགས་བྱེད་ཀྱི་མེད། ཤྭ་བའི་གསོ་ཚགས་རྭ་བ་ཆེ་ཤོས་དེ་ནེའུ་རྫི་ལེན་ཌི་ལ་ཡོད་པ་དང༌། དེའི་ནང་ཤྭ་བ་ཕལ་ཆེར་འབུམ་བཞི་ལྷག་ཡོད་པ་བཤད། རྒྱལ་ཁབ་འགའ་ཤས་ཀྱིས་ཡུལ་དེ་ནས་ནང་འདྲེན་བྱེད་ཀྱི་ཡོད་པ་རེད།

ཤྭ་བའི་ཤ་དང་ཁྲག་རྭའི་ཆེད་ཤྭ་བ་མང་པོ་ཚེ་སྲོག་ཤོར་གྱི་ཡོད་པ་དང༌། ལྷག་པར་དུ་ཨེ་ཤི་ཡའི་ནང་ཤྭ་བའི་འཚོ་གནས་ལ་གནོད་འཚེ་མང་བ་གཏོང་གི་ཡོད། སྤྱིར་ཤྭ་བའི་གནས་ཡུལ་ཤིང་ནགས་སོགས་གཅོད་འབྲེག་མང་པོ་བྱེད་ཀྱི་ཡོད་པས། སྲོག་ཆགས་འདིའི་འཚོ་གནས་ཁོར་ཡུག་ལ་ཡང་རང་བཞིན་གྱིས་གནོད་སྐྱོན་ཡོང་གི་ཡོད་པ་དང༌། ཤ་དང་ཁྲག་རྭ། ཀོ་བ་སོགས་ལ་དཔལ་འབྱོར་རིན་ཐང་ཆེན་པོ་ཡོད་པས་མི་རྣམས་ཀྱིས་རྔོན་རྒྱག་དང༌། ལུས་ཀྱི་ཆ་ཤས་དེ་དག་ཁྲོམ་རྭའི་ཐོག་ནག་ཚོང་བྱེད་ཀྱི་ཡོད་པ་རེད། རྒྱུ་མཚན་དེ་དག་ལ་བརྟེན་ནས་བོད་ཀྱི་ཤྭ་བ་སེར་ཆེན་དང༌། ཤྭ་བ་མཆུ་དཀར། ཤྭ་དམར་སོགས་བོད་དུ་གནས་པའི་ཤྭ་བ་རིགས་ཕལ་ཆེ་བ་སྟོངས་ལ་ཉེ་བའི་རྒྱལ་སྤྱིའི་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་ཀྱི་གྲས་སུ་ཡོད་པ་དང༌། རྒྱ་གར་དུ་གནས་པའི་ཤྭ་བ་རིགས་འགའ་ཤས་རྒྱལ་སྤྱིའི་སྟོངས་ལ་ཉེ་བའི་རི་སྐྱེས་སྲོག་ཆགས་ཀྱི་གྲས་སུ་ཡོད་པ་རེད།།

ཤྭ་བའི་སྐོར་དཔྱད་གཞིའི་ཡིག་ཆ།
1 བོད་གངས་ཅན་ལྗོངས་ཀྱི་རྩ་ཆེའི་སྲོག་ཆགས་ངོ་སྤྲོད། ཕྱི་དྲིལ་ཁོར་ཡུག་སྡེ་ཚན། ༢༠༠༤P.40-44
2 འཁྲུངས་དཔེ་དྲི་མེད་ཤེལ་གྱི་མེ་ལོང༌། ཆབ་མདོ་སྨན་རྩིས་ཁང༌། ༢༠༠༢P.354
3 ས་མཐོའི་ཕྱུགས་རིགས་ཐོན་རྫས་ཀྱི་ཤེས་བྱ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང༌། ༡༩༨༥P.88,89
4 Microsoft Encarta Reference Library 2006
5 The Endangered Mammals of Tibet (2004 DIIR) P.30-33

ཐེངས་ 42725 བཀླགས་འདུག