རྒྱལ་སྤྱིའི་ནང་གཙོད་ཀྱི་ཁུ་ལུ་ཁྲིམས་འགལ་གྱིས་ཉོ་ཚོང་དང་དེ་དག་བེད་སྤྱོད་ཇི་ལྟར་བྱེད་ཀྱི་ཡོད་མེད་སྐོར།
གོང་གསལ་ལྟར་ཕྱི་ལོ ༡༩༥༠ ཙམ་ནས་རྒྱ་དམག་བོད་ལ་དཔུང་འཇུག་བྱེད་འགོ་ཚུགས་ནས་བོད་ཀྱི་སྲོག་ཆགས་དང་འབུ་སྲིན་ཡན་ཆད་ཀྱི་འཚོ་གནས་ལ་ཤུགས་རྐྱེན་ངན་པ་ཐེབས་ཡོད། ལྷག་པར་དུ་ཕྱི་ལོ་ ༡༩༨༠ ཙམ་ནས་རྒྱ་རིགས་ཁ་ཆེ་དང་བོད་རིགས་འདོད་རྔམ་ཅན་བྱབ་ཆུང་འགའ་ཤས་ཀྱིས་བོད་ཀྱི་གཙོད་ཁུ་ལུ་ལ་དཔལ་འབྱོར་གྱི་རིན་ཐང་ཆེན་པོ་ལྡན་ཡོད་པ་ཤེས་ཏེ་ཁོང་ཚོས་མཉམ་འབྲེལ་དང་ཁྲིམས་འགལ་གྱིས་རྔོན་རྒྱག་ཉོ་ཚོང་ཚད་མེད་བྱས་དང་བྱེད་བཞིན་པས་སྟོངས་ལ་ཉེ་བའི་གནས་སུ་གྱུར་ཡོད། རྒྱ་མིར་མཚོན་ན་གཙོད་ཀྱི་མགོ་དང་རྭ་ཅོ་སོ་སོའི་ནང་ལ་བཤམ་སྟོན་དང་དྲན་རྟེན་ཆེད་གོང་ཆེན་སྤྲད་དེ་ཉོ་ཡི་ཡོད་པ་དང༌། གཙོད་ལུས་ཀྱི་ཁུ་ལུ་ནི་རིན་ཐང་དང་འགྲོ་རྒྱུགས་ཆེ་ཤོས་དེ་ཡིན་པས། བལ་བོད་དང་འཕགས་བོད་ས་མཚམས་བརྒྱུད་ནས་རྒྱ་གར་གྱི་ས་གནས་ཀ་ཤི་མིར་ལ་ཐད་ཀར་ཚོང་བསྒྱུར་བྱེད་ཀྱི་ཡོད་པས། ས་གནས་དེར་བལ་དང་ཁུ་ལུའི་རིགས་ཀྱི་གཟན་དང་སྐེ་དཀྲིས་སོགས་ཐོན་སྐྱེད་བྱེད་པ་ལག་རྩལ་ཕུལ་དུ་བྱུང་ཡོད། གཙོད་ཀྱི་ཁུལ་ཡང་ས་གནས་དེར་ཁྲིམས་འགལ་གྱིས་ཚོང་བསྒྱུར་བྱས་ཏེ་གཟན་དང་སྐེ་དཀྲིས་སོགས་ཐོན་སྐྱེད་བྱེད་ཀྱི་ཡོད།
ཀ་ཤི་མིར་ལ་ཐོན་སྐྱེད་བྱེད་འགོ་ཚུགས་ནས་ལོ་རྒྱུས་རིང་པོ་ཡོད་པས། བོད་ཀྱི་སྲོལ་རྒྱུན་རིག་གནས་དང་དེང་དུས་ཀྱི་ཁོར་ཡུག་སྲུང་སྐྱོབ་ལས་༼དེ་ཡང་གཙོད་ཀྱི་ཁུ་ལུས་སྐེ་དཀྲིས་བཟོ་བ་ལོ་ངོ་དྲུག་བརྒྱ་ལྷག་ཙམ་གྱི་ལོ་རྒྱུས་ཡོད་པ་དང་ཐོག་མར་གཙོད་ཀྱི་ཁུ་ལུ་ཁ་ཆེའི་ཀསྨིརཡུལ་དུ་ཕྱིར་ཚོང་བྱས་རྗེས་ཡུལ་དེར་སྐེ་དཀྲིས་བཟོས་ནས་གཙོ་བོ་ཡུལ་དེ་གའི་ཁྲོམ་རའི་ནང་སྤུས་ཚོང་བྱེད་སྲོལ་ཡོད་པ་དང༌། གཙོད་ཁུལ་གྱི་འཇམ་ཚད་དང༌། སྤུས་ཚད། ལྗིད་ཚད་སོགས་ཁུ་ལུ་གཞན་ལས་ཁྱད་དུ་འཕགས་པས་མིང་ལ་༼ཤ་ཐུ་ཤི༽(Shahtoosh)ཞེས་པ་ཏ་ཟིག་སྐད་ཀྱི་མིང་ཐོག་ཡོད། ༼ཤ་ཐུ་ཤིའི་༽ཞེས་པའི་གོ་དོན་ནི་རྒྱལ་པོ་རུང་བའམ་ཁུ་ལུའི་རྒྱལ་པོར་གོ་དགོས༽ཞེས་དང༌། ༼དེ་ཡང་(Shah)ཞེས་པ་རྒྱལ་པོའི་དོན་དང༌། (Toosh)ཞེས་པ་བལ་དང་ཁུ་ལུར་གོ་བ་ལས་བྱུང་བར་བཤད། གཙོད་ཀྱི་ཁུལ་ལས་གྲུབ་པའི་སྐེ་དཀྲིས་དང༌། མགོ་རས། ཁ་དཀྲིས་སོགས་ཁ་ཆེའི་ཀསྨིརཡུལ་དུ་ཐོག་མར་ཐོན་པ་ནས་ད་བར་དུས་རབས་མང་པོའི་ལོ་རྒྱུས་ལྡན་ཡོད་པ་མ་ཟད། ཐོན་རྫས་དེ་ཁྲོམ་རར་ཐོན་པ་ནས་བཟུང་རྒྱ་གར་དང་པ་ཀི་སི་ཐན་གཙོ་བོར་བྱས་པའི་ཨེ་ཤི་ཡའི་མི་རིགས་མང་པོས་དགའ་པོ་བྱེད་པ་དང༌། ལྷག་པར་ཁུ་ལུའི་སྐེ་དཀྲིས་དེ་བུ་མོའི་གཏེར་སྒོའི་ནང་ངེས་པར་དགོས་པའི་རྒྱུ་ནོར་ཞིག་ཆགས་ཡོད།
ལོ་རྒྱུས་ཐོག་ཐོག་མར་བན་དེ་ཐང་སན་གྱིས་ཁུ་ལུའི་ཁ་དཀྲིས་ལ་བསྔགས་བརྗོད་བྱས་ཡོད་པ་དང་དེ་ནས་དུས་རབས་ ༡༧ པའི་ལོ་རབས་ ༦༠ ནང་ཧཕ་རན་སིའི་མི་ (FRANCOIS BERRIER) བོད་དང་ཁ་ཆེའི་ཀསྨིརཡུལ་དུ་སླེབས་པ་དང་ཁ་དཀྲིས་དེ་རིགས་སྐོར་ལ་བསྔགས་བརྗོད་ཀྱི་ཟིན་ཐོ་བཀོད་ཡོད་པར་བཤད་༽ཅེས་དང༌། ༼དཔེར་ན་དུས་རབས་ ༡༨ པའི་ལོ་རབས་ ༩༠ ནང་ཧཕ་རན་སེའི་རྒྱལ་པོ་ན་ཕོ་ལུན་ (NAPOLEON) གྱིས་བུད་མེད་ཅུ་སེ་ཕན་ (JOSEPHENE) ཞེས་པར་སྐེ་དཀྲིས་གཅིག་གནང་རྗེས་ཁོ་མོས་རྒྱུ་དེར་དགའ་པོ་བྱུང་བ་མ་ཟད། རྗེས་སུ་ཁ་ཆེའི་ཡུལ་ནས་སྐེ་དཀྲིས་ ༤༠༠ ཙམ་མངགས་ཉོ་བྱས་པར་གྲགས་༽ཞེས་འཁོད་འདུག ཕྱི་ལོ་ ༡༨༧༧ ཙམ་ནས་ཀ་ཤི་མིར་ཡུལ་དུ་མུ་གེ་བྱུང་ནས་ཁུ་ལུ་ཐོན་སྐྱེད་བྱེད་རྒྱུ་ཉམས་ཆག་ཕྱིན་ཏེ་རྔོན་རྒྱག་དང་ཉོ་ཚོང་ཡང་རང་བཞིན་གྱིས་མཚམས་ཆད།
གཙོད་ཀྱི་ཁུ་ལུ་དེ་རྒྱ་གར་བྱང་ཕྱོགས་མངའ་སྡེ་ཀ་ཤི་མིར་ནང་ ༡༩༣༠ ཙམ་ནས་བསྐྱར་དུ་ཐོན་སྐྱེད་བྱེད་རྒྱུ་དར་བ་དང༌། ཕྱི་ལོ་ ༡༩༨༠ ཙམ་ནས་གཟན་དང་སྐེ་དཀྲིས་རྣམས་ཁ་ཆེ་དང་ནུབ་ཕྱོགས་རྒྱལ་ཁབ་ཁག་ཏུ་དར་ཁྱབ་དང་རིན་ཐང་ཆེ་རུ་ཕྱིན་པ་ནས་བཟུང༌། བོད་ཀྱི་གཙོད་དེ་རྔོན་རྒྱག་དང་ཁུ་ལུ་ཉོ་ཚོང་བྱེད་ཚད་རིམ་བཞིན་ཇེ་མང་ཕྱིན་ཏེ་ཆེས་རྩ་སྟོངས་སུ་འགྲོ་བའི་ཉེན་ཁའི་གནས་སུ་གྱུར། རྒྱལ་སྤྱིའི་ནང་ཁོར་ཡུག་དང་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་ཚོགས་པ་ཁག་གིས་ཀ་ཤི་མིར་ནང་གཙོད་ཀྱི་ཁུ་ལུ་ཐོན་སྐྱེད་ཇི་ལྟར་བྱེད་ཀྱི་ཡོད་མེད་སྐོར་ཞིབ་འཇུག་དང་འབྲེལ་ཕྱི་ལོ་ ༢༠༠༣ ལོར་སྙན་ཐོ་ཞིག་བཏོན་ཡོད་པས། དེ་ནང་འབྲེལ་ཡོད་མི་འགའ་ཤས་ལ་ཉོ་ཚོང་དང༌། ཐོན་སྐྱེད་བྱེད་སྟངས། གོང་ཚད་སོགས་ཀྱི་སྐོར་སྐད་ཆ་དྲིས་སྐབས་ཕྱི་ལོ་ ༡༩༤༧ དང་ ༡༩༤༨ ནང་ལ་ཁུ་ལུ་སྤྱི་རྒྱ་རེ་ལ་ཧིན་སྒོར་ ༢༥༠ ནས་༣༠༠ བར་དང༌། ཕྱི་ལོ་ ༡༩༦༩ ལ་ཧིན་སྒོར་ ༢༨༠༠། དེ་རྗེས་ཕྱི་ལོ་ ༡༩༨༨ ལོར་ཧིན་སྒོར་ ༡༤༠༠༠། ཕྱི་ལོ་ ༡༩༩༥ ལོར་ཧིན་སྒོར་ ༢༧༥༠༠། ཕྱི་ལོ་ ༢༠༠༢ དང་ ༢༠༠༤ ནང་ཧིན་སྒོར་བཞི་ཁྲི་ནས་ལྔ་ཁྲི་བར་ལ་སླེབས་ཡོད་པ་རེད།
དེ་བཞིན་ཁུ་ལུའི་གོང་ཚད་རིམ་བཞིན་འཕར་བ་ནང་བཞིན་གཟན་དང་སྐེ་དཀྲིས་ཀྱི་རིན་གོང་ཡང་དེ་མཚུངས་འཕར་ཡོད་པ་རེད། ཐོག་མར་ཕྱི་ལོ་ ༡༩༥༥ ལོར་གཟན་དང་སྐེ་དཀྲིས་ཅུང་ཆུང་ཙམ་ལ་ཧིན་སྒོར་ ༡༠༠ ནས་ ༡༢༥ བར་དང༌། ཕྱི་ལོ་ ༡༩༧༠ ནང་ཧིན་སྒོར་ ༣༠༠༠། ཕྱི་ལོ་ ༡༩༨༠ ནང་ཧིན་སྒོར་ ༥༠༠༠ ནས་ ༧༠༠༠ བར་དང༌། ཕྱི་ལོ་ ༡༩༩༠ ནས་རིམ་བཞིན་རིན་གོང་ཇེ་མཐོར་ཕྱིན་ཏེ་ཕྱི་ལོ་ ༢༠༠༠ ནང་སླེབས་སྐབས་ནུབ་ཕྱོགས་ཡུལ་གྲུ་ཁག་ལ་སྤུས་ཀ་ཆེ་ཆུང་ལ་གཞིགས་པའི་ཨ་སྒོར་ ༣༠༠༠ ནས་ ༡༥༠༠༠ བྱས་ཏེ་བཙོང་གི་ཡོད་པ་རེད། སྤྱིར་གཙོད་རེར་ཁུ་ལུ་གྷེ་རམ་ ༡༥༠ ནས་༣༠༠ ཙམ་ཡོང་གི་ཡོད་པས། གཟན་དང་སྐེ་དཀྲིས་རེར་ཉུང་མཐར་གཙོད་གསུམ་ནས་ལྔ་བར་གྱི་ཁུ་ལུ་དགོས་ཀྱི་ཡོད།
ཀ་ཤི་མིར་ས་ཁུལ་དུ་མི་གྲངས་ཁྲི་ཚོ་མང་པོས་གཙོད་ཀྱི་ཁུ་ལུ་གཟན་གོས་དང་སྐེ་དཀྲིས་བཟོ་ལས་བྱེད་ཀྱི་ཡོད་པས་ཁུལ་དེའི་ཐོན་སྐྱེད་བྱ་ཡུལ་ས་གནས་ཆེ་ཁག་བཞི་ཙམ་ཡོད་པ་དང༌། སི་རི་ན་གར་རྫོང་གཅིག་པུ་ནས་མི་ཚང་ ༢༠༠ དང་མི་གྲངས་ ༤༤༢༠༨ ལྷག་ལས་རིགས་དེ་རང་ཐོག་ལས་ཀ་བྱས་ཏེ་འཚོ་བ་སྐྱེལ་བཞིན་ཡོད། མི་ཚང་ནང་གི་བྱིས་པ་ལོ་བཞི་ནས་བཟུང་བྱ་བ་དེ་གཉེར་བཞིན་ཡོད་པས་གཟན་གོས་ལས་ཀ་བྱེད་མཁན་མང་ཆེ་བ་ལོ་ ༡༠ ནས་ ༤༠ བར་ཡིན་འདུག ས་ཁུལ་དེའི་ཚོང་པ་སྟོང་ཕྲག་མང་པོ་ཁུ་ལུ་ཉོ་ཚོང་དང་ཐོན་སྐྱེད་བྱེད་མཁན་ཡིན་པ་རེད།
ཐེངས་ 42295 བཀླགས་འདུག