རྒྱ་གཞུང་གིས་བོད་ནང་གཙང་པོ་ཁག་ལ་ཆུ་མཛོད་གསར་སྐྲུན་དང་བོད་ཀྱི་འཁྱག་རོམ་ཞུ་བའི་རྐྱེན་གྱིས་རྒྱ་གར་དང་བལ་ཡུལ་དུ་ཆུ་ལོག་གི་ཉེན་ཁ།
ཕྱི་ལོ་ ༢༠༡༦ ཟླ་ ༩ ཚེས ༨ ཉིན་ བྷི་བྷི་སི་ (BBC) གསར་ཁང་གི་ཁོར་ཡུག་སྡེ་ཚན་གྱི་གསར་འགོད་པ་ཁད་ཀཱ་ན་ཝན་སིག་ (Khadka Navin Singh) གིས་སྤེལ་བར་གཞིགས་ན། རྒྱ་གར་དང་བལ་པོ་བ་རྣམས་ཀྱིས་རྒྱ་ནག་གིས་བོད་ནང་གི་མཚོ་དང་། མཚེའུ། གཙང་པོ་སོགས་ཀྱི་གནས་ཚུལ་མཁོ་སྤྲོད་བྱེད་ཀྱི་མེད་སྟབས་བོད་ཀྱི་འདབས་འབྲེལ་ས་ཁུལ་ཁག་ལ་ཆུ་ལོག་གི་ཉེན་ཁ་འཕྲད་སྲིད་པའི་བློ་འཚབ་བྱེད་བཞིན་ཡོད་འདུག
གནས་ཚུལ་འབྱུང་ཁུགས་ཀྱིས་བརྗོད་པར། བོད་དུ་གངས་རུད་དང་ས་ཉིལ་བ་མང་དུ་སོང་ནས་གཙང་པོའི་འབབ་རྒྱུན་ལ་གནོད་སྐྱོན་བྱུང་ཞིང་། འཁྱམ་རོམ་ལ་གས་ཆག་ཤོར་བ་དང་མཚོ་དང་མཚེའུ་རྣམས་ཚད་ལས་བརྒལ་བའི་ཆུས་ཁེངས་བཞིན་ཡོད་པར་བཤད་འདུག
རྒྱ་ནག་གི་ཚན་རིག་པ་ཁག་གཅིག་གིས་ཞིབ་འཇུག་བྱས་པ་བརྒྱུད། བོད་ཀྱི་གཏན་འཇགས་གངས་རི་དང་འཁྱག་རོམ་རྣམས་མྱུར་ཚད་ཧ་ཅང་མགྱོགས་པོའི་ངང་ནས་ཞུ་བཞིན་པར་མ་ཟད། ས་འགུལ་བ་སོགས་ཀྱིས་ཀྱང་མུ་མཐུད་ནས་གཏན་འཇགས་གངས་རི་དང་འཁྱག་རོག་རྣམས་བརྟན་པོ་མེད་པར་བཟོ་བཞིན་ཡོད་པར་བསྟན་འདུག་པ་དང་། ཡང་ཉེ་ཆར་ཉམས་ཞིབ་པས་བོད་ནི་སའི་གོ་ལའི་སྒང་གི་ཆུའི་འཕེལ་ཚད་མཐོ་ཤོས་དེ་ཡིན་པར་བསྒྲགས་འདུག
གཞན་ཡང་བོད་དུ་གཏེར་ཁ་རྔོག་འདོན་དང་ཆུ་མཛོད་བཟོ་སྐྲུན་སོགས་ཀྱིས་ཉེ་འདབས་ཀྱི་ཡུལ་གྲུ་ཁག་ལ་གནོད་ཚབས་ཆེ་རུ་འགྲོ་བཞིན་པ་དང་། བོད་ནས་ཉེན་བརྡ་སོགས་གང་ཡང་མེད་སྟབས་ཉེ་འདབས་ཀྱི་འབྲུག་དང་། བལ་ཡུལ། རྒྱ་གར། བྷང་ལ་དྷེ་ཤི་སོགས་ཆུ་ལོག་གི་གནོད་འཚེ་ཐེབས་ཉེན་ཆེ་བའི་འཇིགས་སྐྲག་ཀྱང་བྱེད་བཞིན་ཡོད་འདུག
ཆུ་ལོག་དང་གོད་ཆག
ཉེ་ཆར་སྤྱི་ཟླ་བདུན་པའི་ནང་བོད་ཀྱི་ས་མཚམས་སུ་གནས་པའི་བལ་པོའི་གྲོང་སྡེ་ཞིག་གློ་བུར་དུ་ཆུ་ལོག་གིས་ཁྱེར་བའི་གནས་ཚུལ་བྱུང་བ་དང་། བལ་ཡུལ་གཞུང་འཛིན་མི་སྣས་དེ་ནི་བོད་དུ་ས་རུད་ཆེན་པོ་བྱུང་སྟེ་བྷོ་ཊི་ཀོ་ཤི་ཆུ་བོར་(Bhotekoshi River) (བོད་དུ་འདི་ལ་པོ་ཆུ་ Poiqu ཡང་ཟེར་བར་བཤད་ཅིང་། འདིའི་ཆུ་མགོ་བོད་དུ་ཡོད་ལ་བོད་ནས་བལ་ཡུལ་དང་དེ་ནས་རྒྱ་གར་དུ་འབབ་ཅིང་། ཆུ་ཕྲན་གཞན་དང་འདྲེས་ནས་རིམ་བཞིན་ཇེ་ཆེར་རྒྱས་པའི་ཆུ་བོ་ཆེན་པོ་ཞིག་) གནོད་སྐྱོན་བྱུང་བའི་རྐྱེན་གྱིས་ཡིན་ཚུལ་གསར་ལམ་ཁག་ཏུ་བསྒྲགས་ཡོད་པ་རེད། ཡང་གོང་གསལ་དྲ་གནས་ནང་། ཆུ་ལོག་གིས་རྐྱེན་པས་རི་ཉིལ་བ་དང་ཞིག་རལ་དུ་གྱུར་པ་སོགས་ཀྱིས་བོད་ཀྱི་ས་མཚམས་ཁུལ་དུ་བལ་པོའི་ལི་ཕིན་ཞེས་པའི་གྲོང་སྡེའི་ཁང་པ་མང་ཆེ་བ་ཆུས་ཁྱེར་བའམ་མར་རི་གཤམ་གྱི་ཕྱོགས་སུ་ནུད་ནས་ཡོད་ལུགས་ཡང་བཀོད་འདུག
BBC བྷི་བྷི་སི་གསར་ཁང་གི་གསར་འགོད་པས་མཐོང་བ་ལྟར་ན། ཆུ་ལོག་གིས་རྐྱེན་པས་བྷ་རཱ་བྷའེ་སི་ (Barabise ) ཞེས་པའི་ས་ཁུལ་ཏེ། བར་ཡུལ་དུ་ས་འགུལ་བྱུང་སྐབས་གནོད་སྐྱོན་ཐེབས་ཆེ་ཤོས་ཀྱི་ས་གནས་དེའི་གྲོང་སྡེ་དང་། ཉེ་འགྲམ་གྱི་གཞིས་གྲོང་ཆུང་ཆུང་རྣམས་ཀྱི་ཁང་པ་མང་ཆེ་བ་ཆུར་ནུབ་པ་དང་རྡིབ་སྐྱོན་བྱུང་ཡོད་ཅིང་། དེ་སྔོན་ཁུལ་དེར་ཚོིང་ཁང་བཙུགས་ནས་ཡོད་པའི་ནིམ་ཇི་(རྣམ་རྒྱལ་)ཤར་པ་ Nimji Sherpa ཡིས་ཆུ་ནང་དུ་བལྟ་བཞིན་ཕ་གིར་སྔོན་མ་ངའི་ཁང་པ་ཡོད་ས་དེ་རེད། ད་ལྟ་ང་ཚོས་མཐོང་ཐུབ་པ་ནི་གཡང་གཟར་གྱི་བྲག་རོང་ཞིག་རེད་ཅེས་དང་། ཡང་ཁོ་མོས་མུ་མཐུད་དེ་བཤད་དོན། དེའི་དགོང་མོར་ལུང་པའི་ཕུ་རུ་ཡོད་པའི་ངའི་ཉེ་འབྲེལ་འགས་ང་ལ་ཁ་པར་བཏང་ནས་ཤཱ་འོད་ཤུགས་ཆེན་པོ་ཞིག་ང་ཚོའི་ཕྱོགས་སུ་ཤུགས་དྲག་ཆེན་པོའི་ངང་མར་བཞུར་འགྲོ་བཞིན་འདུག་ཅེས་བརྗོད་སྟབས་ངས་རང་ཉིད་ཀྱི་ཟླ་བོ་རྒད་པོ་ས་ཁད་མཐོ་སར་ཁུར་ནས་ཕྱིན་པ་ཡིན་ཞེས་དང་།
ནིམ་ཇི་(རྣམ་རྒྱལ་)ཤར་པ་ Nimji Sherpa
ཕྱི་ཉིན་ང་ཚོ་ཕྱིར་ཡོང་ནས་བལྟ་སྐབས་ང་ཚོའི་ཁང་པ་སོགས་ཡོད་ཚད་ཆུས་ཁྱེར་ནས་མཐོང་སར་མི་འདུག ལོ་སྔོན་མར་ས་འགུལ་བརྒྱབ་སྟེ་ངའི་ཁང་པ་འཐོར་ཞིག་ཏུ་སོང་བས་ང་ཚོ་འཚོ་བ་གསར་པ་ཞིག་སྐྱེལ་རྒྱུར་རེ་ནས་འདིར་ཡོང་བ་ཡིན། ད་ལོ་ཆུ་ལོག་གིས་ང་ཚོའི་ཡོད་ཚད་མེད་པར་བྱས་སོང་ཞེས་ཁོ་མོ་ངུ་བཞིན་དུ་གསར་འགོད་པར་བཤད་ཚུལ་གོང་གི་དྲ་གནས་ནང་བཀོད་འདུག
ད་དུང་ནིམ་ཇི་(རྣམ་རྒྱལ་)ལགས་ཀྱིས་བརྗོད་དོན། ཆུ་ལོག་དེས་བོད་དང་བར་ཡུལ་བར་མཐུད་ནས་ཡོད་པའི་ཨར་ནི་ཁོ་གཞུང་ལམ་ (Arniko highway) དུམ་བུར་གཏོར་བར་བརྟེན། འགྲིམ་འགྲུལ་དང་བརྡ་འཕྲིན་སོགས་ཡོངས་སུ་ཆད་ཡོད་པ་དང་། དེའི་དགོང་མོར་བར་ཡུལ་གཞུང་འཛིན་མི་སྣས་ཡུལ་མི་རྣམས་མི་ཊར་ ༡༠༠ ལྷག་ཙམ་རི་མགོར་ཡར་འཛེགས་ཏེ་སྡོད་དགོས་པའི་བརྡ་ཁྱབ་བཏང་སོང་། གང་ཡིན་ཞེ་ན་ང་ཚོར་གནས་ཚུལ་ཅི་ཞིག་ལྷག་རྩིས་ཡོད་པ་སུས་ཤེས། ད་ནི་ང་ཚོ་འདི་ལྟ་བུ་ཇི་ཙམ་འཚོ་གནས་ཐུབ་བམ་ཞེས་སོགས་བཤད་ཡོད་པར་འཁོད་འདུག
སིན་དྷ་པལ་ཆོག་ (Sindhupalchok) ཞེས་པའི་རྫོང་གི་དཔོན་རིགས་ཤིག་གིས་ཕྱི་ཟླ་ ༧ པའི་ཆུ་ལོག་སྐབས་ཡུལ་མི་ཚང་མ་བདེ་འཇགས་ཀྱི་ས་ཆར་གནས་སྤོ་བྱེད་ཐུབ་ཡོད་ཅེས་དང་། ཁུལ་དེའི་རྫོང་དཔོན་གྷོ་ཁར་ན་དྷ་ཝ་དྷི་ (Gokarna Dawadi.) ཡིས་ང་ཚོས་རང་ཉིད་ཀྱི་ཉེན་བརྡ་གཏོང་བའི་ཐབས་ལམ་བརྒྱུད་ཡུལ་མི་རྣམས་ཉེན་ཁ་མེད་སར་གནས་སྤོ་བྱེད་ཐུབ་པ་བྱུང་། གལ་ཏེ་བོད་ནས་དུས་ཐོག་ཏུ་གནས་ཚུལ་སྔོན་བརྡ་བཏང་ཡོད་ཚེ་ང་ཚོས་མི་ཙམ་མ་ཟད་རྒྱུ་ནོར་ཡང་ས་ཆ་གཞན་ལ་དབོར་ཐུབ་ཅེས་དང་། འདས་པའི་ལོ་༨༠ ནང་ཚན་རིག་པས་བོད་ཀྱི་མཚོ་བརྡོལ་ཏེ་བལ་ཡུལ་དུ་ཆུ་ལོག་བྱུང་བའི་དུས་སྐབས་བཅུ་ཙམ་ཐོ་འགོད་བྱས་ཡོད་སྟབས། ང་ཚོས་རྐྱེན་ངན་འདི་འདྲ་བྱུང་སྲིད་པར་ཞེད་སྣང་གིས་ཐེངས་དུ་མར་རྒྱ་གཞུང་དང་ལྷན་དུ་འདིའི་སྐོར་ལ་གྲོས་མོལ་བྱས་ཀྱང་ཕན་འབྲས་གང་ཡང་མ་ཐོན་ཞེས་སོགས་འགྲེལ་བརྗོད་གནང་འདུག
བལ་ཡུལ་གྱི་རྒྱལ་ས་ཀ་ཋ་མན་འགྲུ་ཡི་དཔོན་རིགས་ཤིག་གིས་ད་རེས་ཀྱི་གོད་ཆག་དེ་ནི་བལ་པོ་བ་རྣམས་ཀྱི་མིག་ཕྱེད་བྱེད་ལྟ་བུར་གྱུར་ཡོད་ཅེས་བཤད་ཡོད་པ་དང་། ཡང་གནམ་གཤིས་དང་གཤེར་གཟུགས་རིག་པའི་སྡེ་ཚན་གྱི་འགན་འཛིན་རེ་ཤཱི་ར་རྗི་ཤཱར་མ་ Rishi Raj Sharma ཡིས་ད་ལྟའི་བར་རྒྱ་ནག་དང་བལ་ཡུལ་གྱི་དབར་སྔ་མོའི་ཆུ་ལོག་གི་ཉེན་བརྡའི་མ་ལག་དང་འབྲེལ་བའི་སྐོར་ལ་འབྲེལ་ལམ་གང་ཡང་བྱུང་མེད། ཐོག་མར་ང་ཚོས་ངེས་པར་དུ་རྒྱ་གཞུང་གི་གནམ་གཤིས་སྡེ་ཚན་དང་གྲོས་མོལ་བྱེད་དགོས་མོད། འོན་ཀྱང་གནས་དོན་འདི་ངེས་པར་དུ་ཛ་དྲག་ངང་ཕྱི་འབྲེལ་བློན་ཆེན་བརྒྱུད་ནས་ཤུགས་སྣོན་བརྒྱབ་ཏེ་གླེང་སློང་བྱེད་དགོས་སྐོར་བཤད་འདུག
གང་སར་ཆུས་ཁེངས་པ།
ཡང་གོང་གི་དྲ་བའི་ཐོག་བཀོད་དོན། བོད་ཀྱི་ས་མཚམས་ཁུལ་གྱི་བལ་ཡུལ་གྱི་གྲོང་སྡེ་མང་པོ་གང་སར་ཆུས་ཁེངས་ཏེ་མཚན་མོར་གཉིད་ཀྱང་ཁུག་མི་ཕོད་པར་གྱུར་ཡོད་པར་མ་ཟད། བོད་ཀྱི་ས་ཁོངས་དང་ཐག་རིང་བའི་བལ་པོའི་གཞིས་ཆགས་ཁག་ཀྱང་ཉེན་ཁའི་ནང་ཚུད་ཡོད་འདུག
ཀོ་ཤཱིའི་ཆུ་བོའི་རྒྱ་ཁྱོན་དང་ཤུགས་དྲག་ཆེ་ཤོས་ཡིན་པའིས་ཁུལ་བལ་ཡུལ་གྱི་ཤར་ལྷོ་སན་ས་རི་ (Sunsari) རྫོང་གི་ཡུལ་མི་ཞིག་གིས་ཁོང་ཚོས་བོད་ནས་ཆུ་ལོག་གི་ཉེན་ཁ་ཡོད་པ་ཐོས་ནས་དངངས་སྐྲག་ཆེན་པོ་བྱུང་ཞེས་གསར་འགོད་པར་བཤད་འདུག
ཀོ་ཤཱིའི་ཆུ་བོ་ནི་བྷི་ཧར་གྱི་མྱ་ངན་ (The sorrow of Bihar) ཞེས་གྲགས་ཤིང་། སྤྱི་ལོ་ ༢༠༠༨ ལོར་ཆུ་ལོག་ཤུགས་ཆེན་བྱུང་ནས་ཡུལ་དེའི་མི་སེར་སྟོང་ཕྲག་མང་པོ་རྒྱ་གར་དང་བལ་ཡུལ་དུ་གནས་སྤོེ་བྱེད་དགོས་བྱུང་ཚུལ་སོགས་གོང་གི་དྲ་བར་བཀོད་འདུག ས་ཁུལ་དེའི་ཆུ་དང་གཤེར་གཟུགས་ཀྱི་ཆེད་ལས་པ་དྷེ་ཝི་ན་རཱ་ཡན་ཡ་དྷོ་ (Dev Narayan Yadav) ཡིས་མ་འོངས་པའི་ཆུའི་འཇིགས་སྣང་ནི་གཞི་རྩ་བྲལ་བའི་སེམས་ཁྲལ་ཞིག་རྩ་བ་ནས་མ་རེད་ཅེས་དང་། བོད་ཀྱི་མཚོ་བརྡོལ་ནས་བལ་ཡུལ་གྱི་ཤར་ཕྱོགས་སུ་ཆུ་ལོག་བྱུང་བར་མ་ཚད་རྒྱར་གར་གྱི་མཚོ་ཁུལ་དུ་ཡང་གནོད་སྐྱོན་བྱུང་བ་ང་ཚོའི་མི་རྣམས་ཀྱིས་ཤེས་ཀྱི་ཡོད། གང་ཡིན་ཞེ་ན། ཀོ་ཤཱིའི་གོད་ཆག་དེ་ཁོང་ཚོའི་བསམ་བློའི་ནང་གསལ་ལྷང་ངེར་ཡོད་ཅིང་། དེའི་སྟབས་ཀྱིས་ཆུ་བོའི་མགོ་སྟོད་དུ་ཅི་ཞིག་བྱུང་བ་ཅི་ལ་མི་ཤེས་ཞེས་སོགས་བཤད་འདུག
པར་གྱི་འགྲེལ་བཤད།
ཀོ་ཤཱིའི་ཆུ་རག་ནི་ཆུ་ལོགས་སྔོན་འགོག་ཆེད་རྒྱ་གར་གཞུང་གིས་འཛིན་སྐྱོང་བྱས་ཏེ་རྒྱ་གར་གྱིས་བཟོས་པ་རེད། འོན་ཀྱང་ཆུ་རག་འདི་ནི་སྤྱི་ལོ་ 1962 ལོར་བསྐྲུན་པ་ཡིན་སྟབས་ད་ལྟའི་ཆར་གོ་འཕེར་དེ་ཙམ་མེད་པའི་སེམས་ཁྲལ་ཡང་ཡོད་ཅེས་དང་། རྒྱ་གར་གཞུང་གིས་བལ་ཡུལ་གྱི་སྟོད་དུ་ཆུ་མཛོད་མང་པོ་བཟོ་སྐྲུན་བྱེད་འཆར་ཡོད་སྟབས། བཟོ་སྐྲུན་ཆེན་པོ་འདི་འདྲ་བས་ང་ཚོར་འཇིགས་སྣང་དེ་ལས་ཆེ་བ་སྟེར་གྱིན་འདུག གང་ཡིན་ཞེ་ན་ཆུ་མཛོད་དེ་དག་གིས་རྐྱེན་ངན་གོད་ཆག་མང་དུ་གཏོང་བ་དང་ང་ཚོ་སྡུག་བསྔལ་མྱོང་ངེས་ཞེས་སྐུ་ཞབས་ཡ་ཌེ་ཝི་ (Mr Yadav) ཡིས་གསར་འགོད་པར་བཤད་འདུག
རྒྱ་གར་གྱི་བག་ཟོན།
རྒྱ་གར་དབུས་གཞུང་གི་ཆུའི་ལྷན་ཚོགས་ཀྱི་འགན་འཁྲི་ནི་ཆུ་མཛོད་གསར་པ་སྐྲུན་རྒྱུའི་འཆར་འགོད་བྱེད་རྒྱུ་དེ་ཡིན། བོད་ནས་ཆུ་རུད་ཡོང་ཉེན་གྱི་སེམས་ཁྲལ་ཁོང་ཚོ་ལ་ཡང་ཡོད་ཀྱང་། རྒྱ་གཞུང་གིས་བོད་ཀྱི་གཙང་པོ་ཁག་ཏུ་སྐྲུན་བཞིན་པའི་ཆུ་མཛོད་རྣམས་ལ་དོ་ཁུར་དེ་ལས་མང་བ་བྱེད་ཀྱིན་ཡོད། ཅེས་དཔོན་རིགས་ཤིག་གིས་བརྗོད་འདུག གལ་ཏེ་ཆུ་མཛོད་དེ་དག་ལ་ཡོད་པའི་ཆུ་རྣམས་གློད་པ་ཡིན་ན་ཆུ་རུད་ཧ་ཅང་ཆེན་པོར་ཆགས་རྒྱུ་དང་། ང་ཚོར་དེ་དག་ཤོང་ངེས་ཀྱི་ཆུ་མཛོད་རྒྱ་གར་དུ་མེད་པ་ཡིན་ན་ཆུ་དེ་དག་གིས་གཏོར་བཅོམ་ཆེན་པོ་གཏོང་སྲིད། ང་ཚོར་ཆུ་ལོག་གི་བརྡ་ལན་གཏོང་རེས་བྱེད་པའི་གོ་སྒྲིག་ཡོད་ཀྱང་། ཤེས་འདོད་པ་རྣམས་ཀྱིས་གནས་ཚུལ་དེ་རྣམས་ཐོས་ཐུབ་ཀྱི་མི་འདུག་ཅེས་ལྷན་ཚོགས་དེའི་ཚོགས་གཙོ་གྷ་ན་ཤཱི་ཡམ་རྗ་ Ghanashyam Jha མཆོག་གིས་བྷི་བྷི་སི་ BBC. གསར་ཁང་ལ་འགྲེལ་བརྗོད་གནང་འདུག
བོད་དང་ས་འབྲེལ་དུ་ཡོད་པའི་རྒྱ་གར་གྱི་ཨ་རུ་རྣ་ཅལ་མངའ་སྡེའི་ཆུའི་འབྱུང་ཁུངས་སྡེ་ཚན་གྱི་ཆུ་ལོག་ཉེན་བརྡའི་མ་ལག་གྱི་དྲ་བའི་ལས་དོན་མཐུན་ཚང་མི་ཐུབ་པའི་སེམས་ཁྲལ་ཆེན་པོ་བྱེད་བཞིན་ཡོད་པ་དང་། པེ་ཅིན་གྱི་རྒྱ་མིའི་དབང་འཛིན་པས་ང་ཚོའི་དྲི་བར་ལན་འདེབས་གང་ཡང་གནང་གི་མི་འདུག བོད་དུ་ཡོད་པའི་རྒྱ་མིའི་དཔོན་རིགས་ཤིག་གིས་གང་ལྟར་ཆུ་ལོག་གི་གནས་ཚུལ་རྒྱ་གར་དང་བྷང་ལ་དྷེ་ཤིར་བཏང་ཡོད་ཚུལ་བཤད་ཀྱི་འདུག་ཅིང་། གལ་ཏེ་ཁོང་ཚོར་རྒྱ་ནག་གི་ཆུའི་འབྱུང་ཁུངས་ཀྱི་བློན་ཆེན་ལས་ཁུངས་ནས་བཀོད་ཁྱབ་འབྱོར་ཚེ་བལ་ཡུལ་དུ་ཡང་གོང་མཚུངས་གནས་ཚུལ་གཏོང་ངེས་ཡིན་ཞེས་ལབ་ཀྱི་འདུག་ཅེས་བཤད་འདུག
མཉམ་སྦྲེལ་རྒྱལ་ཚོགས་ཀྱིས་ཚོགས་ཁག་ཚང་མས་མཉམ་རུབ་ཀྱིས་ལས་དོན་སྒྲུབ་རྒྱུར་འདོད་མོས་གནང་གི་ཡོད་ཅིང་། ངས་བསམ་པར་མཐའ་མཚམས་ལས་བརྒལ་བའི་མཉམ་ལས་ཤིག་ས་ཁུལ་འདིའི་ཡུལ་གྲུ་རྣམས་ལ་དགོས་ངེས་སུ་མཐོང་། དེ་མ་གཏོགས་ཆུ་ལོག་བྱུང་སྟེ་ང་ཚོས་ཁ་ལོ་སྒྱུར་མི་ཐུབ་ཅེས་དང་། ང་ཚོས་སྡིངས་ཆ་ཞིག་སྐྲུན་བཞིན་ཡོད་སྟབས་རྒྱ་ནག་གཞུང་དང་བལ་ཡུལ་གཞུང་གཉིས་ཀ་སྡིངས་ཆ་དེར་མཉམ་དུ་ཕེབས་ཐུབ་ཅིང་། ཡུལ་གཉིས་དབར་ཕན་ཚུན་བརྡ་ལན་གཏོང་རེས་བྱེད་པའི་གལ་ཆེན་རང་བཞིན་ལ་ཤེས་རྟོག་ཡོང་ཐུབ་ཅེས། མཉམ་སྦྲེལ་རྒྱལ་ཚོགས་ཀྱི་བལ་ཡུལ་ཡར་རྒྱས་ལས་འཆར་ལས་ཁུངས་ཀྱི་ལས་བྱེས་རྒན་པ་དང་། ལོ་མང་པོར་ཡུར་དེའི་ཆུ་ལོག་གི་ལས་དོན་དོ་དམ་པ་གནང་མྱོང་བའི་ཝེ་རྗེའེ་སེག་ (Vijay Singh) གིས་བཤད་ཡོད་པ་བྷི་བྷི་སི་གསར་ཁང་གི་དྲ་གནས་ལས་ཕབ་སྒྱུར་བྱས།
ཐེངས་ 42499 བཀླགས་འདུག