Donate

རྒན་རྒོན་ ༡༦ གིས་རྒྱ་གཞུང་གིས་ས་ཞིང་བསླུ་འཕྲོག་ལ་གྱོད་ཉལ་ཞི་རྒོལ་བྱས་འདུག

རྔ་བ་རྫོང་མཁར་གྲོང་ཁུལ་གྱི་སྡེ་བ་དང་པོའི་ཁྱིམ་ཚང་བཅུ་དྲུག་གི་ས་ཞིང་རྣམས།  འདས་པའི་ལོ་  ༢༧ གྱི་ཡར་སྔོན་ནས་བསླུ་ཁྲིད་ཧམ་འཕྲོག་བྱས་རྗེས།  ད་ལྟའི་བར་དུ་མང་ཚོགས་ཀྱི་འཚོ་བར་དཀའ་ངལ་རིམ་པར་འཕྲད་དེ།  ཉེ་ཆར་ཁྱིམ་ཚང་དེ་དག་གི་རྒན་རྒོན་རྣམས་འུ་ཐུག་ཐབས་ཟད་ཀྱིས་ཕྱི་རུ་ཐོན་ནས།  ཤོར་ཟིན་པའི་སོ་སོའི་ས་ཞིང་ཐོག་ནས་གྱོད་ཉལ་ཞི་རྒོལ་བྱེད་དགོས་བྱུང་འདུག 

In Tibet (5)ཕྱི་ལོ་ ༡༩༨༦ ནས་རྔ་པ་རྫོང་གིས་མཁར་གྲོང་ཁུལ་གྱི་སྡེ་བ་དང་པོའི་ཁྱིམ་ཚང་བཅུ་དྲུག་གི་ས་ཞིང་མུའུ་ ༤༠ བསླུ་འཁྲིད་གཡོ་འཕྲོག་བྱས་རྗེས།  ཁྱིམ་ཚང་དེ་དག་གི་འཚོ་བའི་ཐད་དཀའ་ངལ་རིམ་པར་འཕྲད་ཡོད་སྟབས། སྔ་ཕྱིར་ཞུ་གཏུགས་རེ་སྐུལ་ཐེངས་ ༥༠ ལྷག་བརྒྱབ་ཡོད་ཀྱང་།  ས་གནས་རྒྱ་གཞུང་གིས་སྔར་གྱི་ཁས་ལེན་དག་སྣང་མེད་དུ་གཡུགས་ནས།  ཞིང་པའི་ཁྱིམ་ཚང་དེ་དག་གི་དཀའ་ངལ་རྣམས་མ་སེལ་བར་ད་ལྟའི་བར་ནར་འགྱངས་བྱས་ཡོད་སྟབས།  ཕྱི་ལོ་ ༢༠༡༣ ཟླ་ ༩ ༡༤ ཉིན་ཁྱིམ་དེ་དག་གི་རྒན་རྒོན་མི་སྣ་ ༡༦ གིས་མིང་དང་མཛུབ་ཐེལ་བརྒྱབ་པའི་ཞུ་གཏུགས་ཡི་གེ་ཞིག་ས་གནས་ཀྱི་འབྲེལ་ཡོད་སྡེ་ཁག་སོ་སོར་ཕུལ་ཐོག  ཕྱི་ཟླ་ ༩ ཚེས་ ༡༧ ་ནས་མགོ་བརྩམས་ཏེ་ཤོར་ཟིན་པའི་སོ་སོའི་ཞིང་སའི་ཐོག་གུར་ཕུབ་སྟེ་གྱོད་ཉལ་ཞི་རྒོལ་བྱས་ཡོད་པ་རེད། 

ཕྱི་ཟླ་ ༡༠ ཚེས་ ༢༠ ཉིན་རྒྱ་གཞུང་ཉེན་རྟོག་པ་རྣམས་ཡོང་ནས།  ཁྱོད་ཚོས་ངོ་རྒོལ་ལ་བརྟེན་ནས་ཐོག་ཁང་གསར་རྒྱག་ལས་མཚམས་འཇོག་དགོས་བྱུང་ཡོད་པས། གལ་སྲིད་ད་དུང་མུ་མཐུད་ངོ་རྒོལ་བྱས་ཚེ་འཇུ་བཟུང་བྱ་རྒྱུ་ཡིན་པའི་འཇིགས་སྐུལ་བཙན་དྲགས་བྱས་རྐྱེན།  རྒན་རྒོན་དེ་དག་གིས་གྱོད་ཉལ་ཞི་རྒོལ་མཚམས་འཇོག་མི་བྱེད་ཐུ་མེད་བྱུང་འདུག  འོན་ཀྱང་། རྒན་རྒོན་དེ་དག་གི་བསམ་པར་ཐོག་ཁང་གསར་རྒྱག་ལས་མཚམས་བཞག་པ་དེ་ནི།  ཁོ་ཚོའི་ཞུ་གཏུགས་ངོ་རྒོལ་ལ་རྒྱ་གཞུང་གིས་སྣང་འཇོག་བྱས་ཏེ་ལས་མཚམས་བཞག་པ་ཞིག་མ་ཡིན་པར།  ནམ་དུས་འཁྱག་ཏུ་ཕྱིན་པར་བརྟེན་ནས་ལས་མཚམས་འཇོག་དགོས་བྱུང་བ་ཞིག་ཡིན་མོད། ངན་ཁག་རྣམས་ཚུར་གཡོགས་ཐབས་སུ་དེ་ལྟར་བརྗོད་ཀྱི་ཡོད་པར་ངོས་འཛིན་གནང་གི་ཡོད་འདུག

In Tibet (4)མིང་དང་མཛུབ་ཐེལ་བརྒྱབ་ནས་འབྲེལ་ཡོད་སྡེ་ཁག་ལ་ཞུ་གཏུགས་ཡི་གེ་ཕུལ་རྗེས།  གྱོད་ཉལ་ཞི་རྒོལ་བྱེད་མཁན་རྒན་རྒོན་ ༡༦ རྣམས་ནི། ཅིན་དྲོང་།སྤུ་གོཟོན་པོ། བདེ་འཚོ་སྐྱིད། མུ་ནེ། ཚེ་སྐྱིད། དཔལ་ཚེ། བསྟན་པའི་རྒྱལ་མཚན། ཕུལ་སྐྱིད། ནག་དོན་ཁོ། དོན་ཁོ། འཇའ་ཁོ། ནོར་ཁོ། ཆོས་སྒྲུབ། སྐལ་བཟང་བསོད་ནམས། ཀུན་སྒྲུབ་བཅས་ཡིན་པ་རེད། (མིང་རྣམས་རྒྱ་ཡིག་གི་སྒྲ་གཞིར་བཟུང་སྒྱུར་ཡོད།)

རྒྱ་གཞུང་གི་བསླུ་ཁྲིད་ཧམ་འཕྲོག་འོག་སོ་སོའི་ས་ཞིང་གི་བདག་དབང་ཤོར་བའི་ཞིང་པ་ཁྱིམ་ཚང་དེ་དག་གིས།  ཉེ་ཆར་རྒྱ་གཞུང་ལ་དགོས་འདུན་དོན་ཚན་གསུམ་ཅན་གྱི་ཞུ་ཡིག་ཅིག་ཕུལ་ཡོད་པ་དེའི་ནང་དོན་ནི།གཅིག  ༡༩༨༦ ་ལོར་ཁོ་ཚོ་ཁྱིམ་ཚང་ ༡༦ གི་ཞིང་ས་གནས་རྒྱ་གཞུང་གིས་བེད་སྤྱོད་སྐབས། སྲིད་གཞུང་གིས་ཁོ་ཚོར་ཁྱིམ་ཚང་རེ་ནས་མི་གཅིག་རེ་གཞུང་ཞབས་ལས་བཟོ་བའི་གྲས་སུ་འདེམས་སྒྲིག་བྱ་རྒྱུའི་ཁས་ལེན་བྱས་ཡོད་པ་ལྟར།  ད་ལྟ་ཁས་ལེན་དེ་ངེས་པར་ལག་ལེན་བྱེད་དགོས་པ་མ་ཟད། ཕྱི་ལོ་ ༡༩༨༦ ལོ་ནས་ད་ལྟའི་བར་གྱི་ཕོགས་དངུལ་ཁ་གསབ་བྱེད་དགོས།

In Tibet (3)གཉིས།  ཁོ་ཚོ་ཁྱིམ་ཚང་ ༡༦ ཚང་མ་དཀའ་ངལ་ཅན་གྱི་མི་ཚང་ཡིན་པ་དང་། ཁོ་ཚོའི་ཁྲོད་ལྔ་སྐྱོང་ཁྱིམ་དང་འཚོ་བར་དཀའ་ངལ་ཆེན་པོ་ཅན་ཡང་ཡོད་སྟབས། ཁྱིམ་ཚང་གི་འཚོ་བའི་དཀའ་ངལ་སེལ་ཐབས་ཐད་རོགས་སྐྱོར་ཆེད། ས་ཆ་དེའི་ཐོག་ཐོག་ཁང་གསར་རྒྱག་སྐབས། ལམ་ཁའི་འགྲམ་བརྒྱུད་ཀྱི་ས་ཆ་རྣམས་ཁོ་ཚོ་ཁྱིམ་ཚང་ ༡༦ གི་མང་ཚོགས་ལ་དབང་དགོས།

གསུམ། ཁོ་ཚོའི་ཞིང་ས་དེར་བསྡོམས་མུའུ་ ༤༠ ཡོད་པ་དང་། དེའི་ནང་ནས་ས་གནས་སྲིད་གཞུང་གིས་ས་ཆ་མུའུ་ ༣༤ བེད་སྤྱོད་གཏོང་བཞིན་པ་ཕུད།   དེ་འཕྲོས་ཀྱི་ས་ཞིང་རྣམས་ཁྱིམ་ཚང་བཅུ་དྲུག་པོ་ལ་ཕྱིར་སློག་དགོས་པ་བཅས་རེད།

རྒན་རྒོན་ཚོས་ཞི་རྒོལ་གནས་ཚུལ་འབྱུང་རྐྱེན་གྱི་བརྒྱུད་རིམ་ནི།  རྔ་བ་རྫོང་གི་མཁར་གྲོང་ཁུལ་དུ་གཞིས་སྡོད་སྡེ་བ་དང་པོའི་ས་ཞིང་རྣམས་རྫོང་མཁར་གྱི་ཉེ་འཁྲིས་སུ་བཞུར་བཞིན་པའི་རྔ་ཆུའི་འགྲམ་ཏུ་ཡོད་པ་དང་།ཕྱི་ལོ་  ༡༩༨༦ ཟླ་ ༦ ནང་ས་གནས་རྫོང་སྲིད་གཞུང་གིས་ཕྱུགས་ཟོག་བཤའ་ཁང་དང་། ཤ་རིགས་འཁྱམ་ལུམས་ལ་འཇུག་སའི་ཁང་པ་རྒྱག་རྒྱུ་ཡིན་སྐོར་བརྗོད་དེ།  སྡེ་བ་དང་པོའི་ཁྱིམ་ཚང་བཅུ་དྲུག་གི་ས་ཞིང་མུའུ་ ༣༦ སྲིད་གཞུང་གིས་བསླུ་ཁྲིད་གཡོ་ལེན་བྱས་ཐོགས་ཞིང་མུའུ་རེ་ལ་གུན་གསབ་རྒྱ་སྒོར་ ༣༥༠ རེ་སྤྲད་རྗེས།  ཟོག་ལུག་བཤའ་ཁང་དང་ཤ་རིགས་འཁྱག་ལུམས་ཁང་བཙུགས་གྲུབ་རྗེས།  ཁྱིམ་ཚང་རེ་ནས་མི་གཅིག་རེ་གཞུང་ཞབས་ལས་བཟོ་བའི་ཁྲོད་འདེམས་སྒྲིག་བྱ་རྒྱུའི་ཁས་ལེན་བྱས་ཡོད་ཀྱང་།  རྗེས་སུ་སྔར་གྱི་ཁས་ལེན་རྣམས་དོན་དངོས་ལག་ལེན་བྱས་མེད་པ་རེད།

In Tibet (2)རྒྱ་གཞུང་གི་བསླུ་ཁྲིད་འོག་སོ་སོའི་ས་ཞིང་གི་བདག་དབང་ཤོར་བའི་ཁྱིམ་ཚང་དེ་དག་གིས།  ཕྱི་ལོ་ ༡༩༨༨ ནས་ ༡༩༩༠ ལོ་སོ་སོར་སྔ་ཕྱིར་ཐེངས་གཉིས་ལ་ས་གནས་རྫོང་སྲིད་གཞུང་དུ་བསྐྱོད་དེ་གནད་དོན་ཐག་གཅོད་ཡོང་བའི་རེ་ཞུ་བྱས་པར།  སྐབས་དེའི་རྫོང་དཔོན་ཨུ་རྒྱན་སྐྱབས་ཀྱིས་ད་ལྟ་བཤའ་ཁང་དང་འཁྱག་ལུམས་ཁང་ཚོད་ལྟའི་དུས་རིམ་ཡིན་པ་དང་། རྫོང་སྲིད་གཞུང་གིས་གནད་དོན་དེའི་ཐད་ཞིབ་འཇུག་བྱེད་བཞིན་ཡོད་སྐད་བརྗོད་ནས། ནར་འགྱངས་བྱས་ཏེ་མཐའ་མར་རྫོང་དཔོན་ཁོ་རང་འདས་གྲོངས་སུ་ཕྱིན་ཡོད་སྟབས།  དེ་མུར་ཁྱིམ་ཚང་དེ་དག་གི་དཀའ་ངལ་གནད་དོན་ཐག་གཅོད་མ་བྱུང་བར་ལུས་ཡོད་པ་རེད། 

དེ་རྗེས།  ཕྱི་ལོ་ ༢༠༠༦ ལོར་ཁྱིམ་ཚང་དེ་དག་གིས་དཀའ་ངལ་གནད་དོན་དེ་དགསྡེ་བའི་སྡེ་དམངས་ཨུ་ཡོན་ལྷན་ཁང་ལ་བརྗོད་པར།  སྐབས་དེའི་སྡེ་བའི་དམར་ཤོག་དྲུང་ཆེ་ཁྲིན་པའོ་དང་། སྡེ་དཔོན་བསོད་ནམས་གཉིས་ཀྱིས་གནད་དོན་དེ་གོང་རིམ་ལ་ཞུ་གཏུགས་བྱས་ཚེ།  སྡེ་བའི་ནང་རླངས་འཁོར་འབབ་ཚུགས་བསྐྱར་གསོའི་ལས་གཞིའི་ཆེད།   ས་གནས་སྲིད་གཞུང་ལ་དངུལ་བསྐྱི་གཡར་བྱ་རྒྱུའི་ཐད་ལ་གནོན་སྐྱོན་ཐེབས་སྲིད་པར་བརྗོད་སྟབས།  ཞུ་གཏུགས་བྱ་མ་ཐུབ་པར་དེ་མུར་ལྷག་ཡོད་འདུག

In Tibet (1)ཕྱི་ལོ་ ༢༠༠༨ ནས་ད་བར་དུ། རྔ་བ་རྫོང་དུ་མང་ཚོགས་རང་བཞིན་གྱིས་རྒྱ་གཞུང་གི་དྲག་གནོན་དབང་སྒྱུར་ལ་ངོ་རྒོལ་ལས་འགུལ་རིམ་པར་བྱུང་ཡོད་སྟབས།  ཁྱིམ་ཚང་དེ་དག་གིས་སྐབས་དེར་ཞུ་གཏུགས་བྱས་པ་ཡིན་ན།ཤུགས་རྐྱེན་དང་ཁག་དཀྲི་འདྲ་མིན་ཕོག་སྲིད་པར་དོགས་ཏེ།  ད་ལྟའི་བར་དུ་དཀའ་ངལ་གནད་དོན་དེ་དག་ཞུ་གཏུགས་མ་ཐུབ་པར་ལུས་ཡོད་པ་རེད།  ད་ལྟའི་ཆར་རྫོང་སྲིད་གཞུང་གིས་སྔར་གྱི་བཤའ་ཁང་དང་འཁྱག་ལུམས་ཁང་གི་ས་ཆ་དེ་དག་ཚོང་བསྒྱུར་བྱས་ཏེ།  ཁེ་ལས་བཟོ་སྐྲུན་གསར་རྒྱག་ཐད་བེད་སྤྱོད་གཏོང་བཞིན་པར་བརྟེན།  ཡུན་རིང་སོ་སོའི་ཞིང་སའི་བདག་དབང་ཤོར་བའི་ཁྱིམ་ཚང་དེ་དག་གིས།  བསྐྱར་དུ་རྫོང་སྲིད་གཞུང་ལ་ཞུ་གཏུགས་བརྒྱབ་སྟེ་དཀའ་ངལ་གནད་དོན་དེ་དག་གཙང་སེལ་ཡོང་བའི་འབོད་སྐུལ་ཞུ་གཏུགས་བསྐྱར་དུ་བརྒྱབ་ཡོད་པ་རེད།

རྒྱ་གཞུང་གི་བསླུ་ཁྲིད་གཡོ་འཕྲོག་འོག་སོ་སོའི་ཞིང་སའི་བདག་དབང་ཤོར་བའི་ཞིང་པ་ཁྱིམ་ཚང་དེ་དག་གིས།  ས་གནས་ཀྱི་སྡེ་དམངས་ཨུ་ཡོན་ལྷན་ཁང་དང་གྲོང་རྡལ་སྲིད་གཞུང་།རྫོང་སྲིད་གཞུང་བཅས་སྔ་ཕྱིར་ཐེངས་ ༥༠ ཙམ་ཞུ་གཏུགས་བརྒྱབ་ཡོད་པ་རེད།  ཡིན་ནའང་།  ས་གནས་རྒྱ་གཞུང་རིམ་པས་ཁྱིམ་ཚང་དེ་དག་གི་དཀའ་ངལ་གནས་སྟངས་སྣང་མེད་དུ་བཞག་རྐྱེན། མཐར་ཁྱིམ་ཚང་དེ་དག་འུ་ཐུག་ཐབས་ཟད་ཀྱི་གནས་སུ་གྱར་ཏེ། ལོ་ལོན་རྒན་རྒོན་རྣམས་ཕྱི་རུ་ཐོན་ནས་གྱོད་ཉལ་ཞི་རྒོལ་བྱ་དགོས་བྱུང་འདུག 

ད་ལྟའི་ཆར་རྒྱ་གཞུང་གིས་ཁོར་ཡུག་སྲུང་སྐྱོབ་དང་། དཔལ་འབྱོར་ཡར་རྒྱས། གྲོང་ཁྱེར་འཛུགས་སྐྲུན། ཆུ་མཛོད་གློག་ཁང་། གནམ་ཐང་། ལྕགས་ལམ། གཞུང་ལམ་སོགས་རྨང་གཞིའི་འཛུགས་སྐྲུན་རྒྱ་སྐྱེད་སོགས་ལས་གཞི་རྣམ་གྲངས་སྣ་ཚོགས་ལ་ཁ་གཡར་ཏེ།  བོད་ས་སྟོད་སྨད་བར་གསུམ་ཁུལ་དུ་འབྲོག་པ་རྣམས་རྒྱ་གྲོང་དུ་ཕབ་སྟེ་རྩྭ་ས་བསླུ་འཕྲོག་དང་། ཞིང་པ་རྣམས་ཀྱི་ཞིང་སའི་ནང་ཤིང་ནགས་འབེབས་འཛུགས་ཀྱིས་ས་ཞིང་བསླུ་འཕྲོག་བཅས་བྱེད་བཞིན་ཡོད།  རྒྱ་གཞུང་གིས་བོད་ཁུལ་དུ་ལག་བསྟར་བྱེད་བཞིན་པའི་སྲིད་ཇུས་དེ་དག་གི་ཕུགས་ཀྱི་དམིགས་ཡུལ་ནི།  བོད་རིགས་ཞིང་འབྲོག་མང་ཚོགས་ཀྱི་འཚོ་གནས་རྟེན་གཞི་རྩ་གཏོར་བཏང་སྟེ་རང་འཚོ་མི་ཐུབ་པར་གཞན་རྟེན་ཅན་དུ་བསྒྱུར་ཐུབ་དང་། དེ་བཞིན། རྒྱ་རིགས་མང་པོ་བོད་ནང་གནས་སྤོར་གྱིས་བོད་མི་རིགས་ཀྱི་རིག་གནས་ངོ་བོ་རྩ་མེད་བཟོས་ཏེ།  མཐར་མི་འབོར་ཉུང་བའི་བོད་མི་རིགས་དེ་རྒྱ་རིགས་ཆེན་པོའི་ཁྲོད་ཤ་འདྲེས་པགས་འདྲེས་བཏང་ནས་མི་རིགས་རྩ་གཏོར་བྱ་རྒྱུ་དེ་ཆགས་ཡོད།

ཡོང་ཁུངས་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་། 

ཐེངས་ 42498 བཀླགས་འདུག