ར་རྒོད་དམ་ཧི་མ་ལ་ཡའི་ར་རྒོད།
ར་རྒོད་ནི་བོད་ཡུལ་གྱི་ཚ་དྲོད་ཆེ་བའི་རོང་ཁུལ་གྱི་ཤིང་ནགས་དང༌། བྲག་གསེབ་སོགས་སུ་འཚོ་གནས་བྱེད་ཅིང༌། གནས་ཡུལ་གཙོ་བོ་ཧི་མ་ལ་ཡའི་རི་རྒྱུད་ཀྱི་མཐོ་ཚད་ལ་མི་ཊར་ ༢༥༠༠ ནས ༥༠༠༠ བར་འཚོ་གནས་བྱེད་ཀྱི་ཡོད། ཟས་སུ་གཙོ་བོ་རྩྭ་ལྡུམ་དང༌། སྔོ་ཟས་རིགས་སོགས་བཟའ། འཁྲུངས་དཔེ་དྲི་མེད་ཤེལ་གྱི་མེ་ལོང་ནང་གསལ་ལྟར་ན་ར་རྒོད་ནི་གཟུགས་དབྱིབས་ར་དང་འདྲ་ཞིང་ཨོག་ཚོམ་མེད།
རྒྱུག་རྩལ་ཆེས་མགྱོགས་པ་མ་ཟད། བྲག་སྒང་ལ་འཛེགས་རྩལ་མཁས། སྲོག་ཆགས་འདིའི་ལུས་སྤུ་མཐུག་ཅིང་ཆེས་རིང༌། སྤུ་མདོག་ནི་རྫ་མདོག་དང༌། ཁམ་ནག་སོགས་ཡོང་གི་ཡོད། སྲོག་ཆགས་འདི་མགོ་ཆུང་ལ་མིག་ཆེ། ཕོ་མོ་གཉིས་ཀའི་མགོ་ལ་ར་ལྡན་ཞིང༌། རིང་ཚད་ལ་སན་ཊི་མི་ཊར་ ༤༥ ཙམ་ཡོད། ཕོའི་ར་ལས་མོའི་ར་ཅུང་ཆུང༌། སྲོག་ཆགས་འདིའི་གཟུགས་པོའི་རིང་ཚད་ལ་སན་ཊི་མི་ཊར་ ༩༠ ནས་ ༡༤༠ ཙམ་དང༌། མཐོ་ཚད་ལ་སན་ཊི་མི་ཊར་ ༦༥ ལྷག་ཙམ་ཡོད།
རྔ་མ་རིང་ཚད་ལ་སན་ཊི་མི་ཊར་ ༡༢ ཙམ་དང༌། ཕོའི་ལྗིད་ཚད་ལ་སྤྱི་རྒྱ་ ༧༠ ཙམ་དང༌། མོའི་ལྗིད་ཚད་ལ་སྤྱི་རྒྱ་ ༣༦ ཙམ་ཡོད་ཅིང་ཕོ་ལས་ཅུང་ཆུང༌། ར་རྒོད་མང་ཆེ་བ་ཁྱུ་ཚོགས་བྱས་ནས་འཚོ་གནས་བྱེད་ཅིང༌། ཁྱུ་ཚོགས་རེའི་ནང་ ༢༠ ལྷག་ཙམ་མཐོང་རྒྱུ་ཡོད། ཕོ་མོ་ཆགས་འཕེལ་གྱི་དུས་ཚོད་ནི་དགུན་མཇུག་ཙམ་ལ་ཡིན་ཞིང༌། མངལ་སྦྲུམ་གྱི་དུས་ཡུན་ཟླ་ ༧ ཙམ་ཡིན། སྐྱེ་འཕེལ་ཐེངས་གཅིག་ལ་གྲངས་གཅིག་སྐྱེ། ཕྲུ་གུ་གསོ་སྐྱོང་དང་འཚར་ལོངས་བྱེད་སྟངས་ཕལ་ཆེར་ར་ལུག་དང་གཅིག་མཚུངས་ཡིན།
ན་སོ་བབས་པ་དག་ཁེར་རྐྱང་གི་འཚོ་བར་རོལ་རྒྱུར་དགའ། ར་རྒོད་ཀྱི་ལོ་ཚད་ནི་ལོ་ ༡༠ ལྷག་ཙམ་ཡིན་ཞིང༌། སྲོག་ཆགས་འདི་ངོ་ཚ་ཆེ་ཞིང༌། དགྲ་ལ་གདོང་ལེན་གྱི་ནུས་རྩལ་ཞན་པས། གཅན་གཟན་གསའ་དང༌། སྤྱང་ཀི་སོགས་ཀྱི་ཁ་ཟས་གཙོ་བོ་ཡིན། ར་རྒོད་ནི་སྟོངས་ལ་ཉེ་བའི་རི་སྐྱེས་སྲོག་ཆགས་ཤིག་ཡིན་པ་དང༌། གཙོ་བོ་ར་རྒོད་ཀྱི་འཚོ་གནས་ཁོར་ཡུག་གི་དཀའ་ངལ་དང༌། དེ་བཞིན་ཁ་ཟས་དང༌། སྤུ་པགས་སོགས་ཀྱི་ཆེད་རྔོན་རྒྱག་མང་པོ་བྱེད་ཀྱི་ཡོད་པས་སྟོངས་ལ་ཉེ་བ་ཆགས་ཡོད། ར་རྒོད་ནི་རྒྱལ་སྤྱིའི་རང་བྱུང་སྲུང་སྐྱོབ་ལྷན་ཚོགས་ཀྱི་སྟོངས་ལ་ཉེ་བའི་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་གྱི་ཛ་དྲག་གི་ཟིན་ཐོ་དམར་པོའི་ནང་ཚུད་ཡོད་པ་དང༌། དེ་བཞིན་རྒྱ་གར་ནང་སྲུང་སྐྱོབ་ཀྱི་ཟུར་རྒྱན་གསུམ་པའི་གྲས་སུ་ཚུད་ཡོད་པ་རེད།།ར་རྒོད་སྐོར་གྱི་དཔྱད་གཞིའི་ཡིག་ཆ།
ཐེངས་ 42286 བཀླགས་འདུག