ཟླ་བ་༢དང་ཉིན་༡༡ནང་བོད་ཀྱི་ས་གནས་ཁག་བཞི་ལ་མེ་སྐྱོན་ཤོར་བ།
ལི་ཐང་དགོན་ཆེན་གྱི་ཚོགས་ཆེན་འདུ་ཁང་ཡོངས་སུ་མེས་འཚིགས་པ། ཕྱི་ལོ་ ༢༠༡༣ ཟླ་ ༡༡ ཚེས་ ༡༦ ཉིན་གྱི་བོད་ནང་གི་དགོང་མོ་ཆུ་ཚོད་ ༡༠ ཙམ་ལ་བོད་ཁམས་ལི་ཐང་དགའ་ལྡན་ཐུབ་བསྟན་ཆོས་འཁོར་གླིང་དགོན་ཆེན་གྱི་འདུ་ཁང་གི་གློག་སྐུད་ལ་སྐྱོན་ཤོར་བའི་རྐྱེན་གྱིས་མེ་ཤོར་ནས། རྩ་ཆེ་བའི་སྐུ་གསུང་ཐུགས་རྟེན་མང་པོ་ཞིག་མེས་འཚིགས་ཤོར་ཡོད་པ་རེད།
སྐབས་དེར་དགོན་པའི་མཚན་ཉིད་གྲྭ་ཚང་གི་དགེ་འདུན་ཉིས་བརྒྱ་ཡས་མས་ཤིག་དང་། ས་གནས་མི་མང་ཚོས་ཉེན་ཁར་མི་འཛེམས་པར་འདུ་ཁང་སྟེང་བཞུགས་ཡོད་པའི་མཁན་རིན་པོ་ཆེ་དང་། རྟེན་རྙིང་མང་པོ་ཞིག་མེ་ལྕེའི་ཁྲོད་ནས་ལེན་ཐུབ་ཡོད་ན་ཡང་གཞན་སྐུ་གསུང་ཐུགས་རྟེན་མང་པོ་ཞིག་མེས་འཚིགས་ཤོར་པ་དང་། མཚན་ཡོལ་གྱི་ཞོགས་པའི་ཆུ་ཚོད་བཞི་པ་ཙམ་ལ་གཞི་ནས་མེ་གསོད་ཐུབ་ཙམ་བྱུང་ཡོད་འདུག
མེ་སྐྱོན་བྱུང་བའི་སྐབས་མེ་ཤུགས་ཧ་ཅང་ཆེན་པོ་འབར་ཡོད་སྟབས། དགེ་འདུན་པ་ཁག་གཅིག་ལ་རྨས་སྐྱོན་ཕོག་ཡོད་ཀྱང་སྲོག་སྐྱོན་བྱུང་མེད་པ་རེད།
མེ་སྐྱོན་བྱུང་རྗེས་རྒྱ་ནག་གི་མེ་གསོད་རུ་ཁག་བསླེབས་ནས་མེ་བསོད་ཐབས་བྱས་པ་དང་། དེའི་བརྒྱུད་དུ་ཉེན་ཁ་ཡོད་ལུགས་ཀྱིས་མེ་སྐྱོན་བྱུང་སའི་ཁུལ་དུ་ཕྱི་ཚེས་ ༡༧ ཉིན་བཀག་སྡོམ་བྱས་ནས་མི་སུ་ཡང་གཏོང་གི་མེད་པའི་སྐོར་གནས་ཚུལ་ཐོན་ཡོད།
རྩ་བའི་ད་ལྟའི་ཆར་ལི་ཐང་དགོན་ཆེན་གྱི་མཚན་ཉིད་གྲྭ་ཚང་ནང་རྒྱུན་དུ་ཕྱག་དཔེ་གཟིགས་ནས་བཞུགས་མཁན་དགེ་འདུན་པ་ཁྱོན་གྲངས་ ༤༠༠ ཙམ་ཡོད་པ་དང་། སྔགས་པ་གྲྭ་ཚང་གི་དགེ་འདུན་པ་ ༣༠༠ ཙམ་བཅས་ཁྱོན་དགེ་འདུན་པ་ ༧༠༠ ཙམ་དགོན་པར་གཏན་འཇགས་བཞུགས་མཁན་ཁོངས་སུ་ཡོད་འདུག
སྨོན་ལམ་སོགས་ཚོགས་སྐབས་ཕྱོགས་གང་ས་ནས་དགེ་འདུན་པ་ཉིས་སྟོང་ལྔ་བརྒྱ་ནས་སུམ་སྟོང་བར་འདུ་འཛོམས་ཀྱིས་ཚོགས་ཆེན་འདུ་ཁང་ནང་ཚོགས་ཀྱི་ཡོད་པ་དང་། དགོན་པའི་བླ་མ་གཙོ་བོ་ནི་ལི་ཐང་སྐྱབས་མགོན་ཡིན་པ་དང་། གཞན་ཡང་བླ་མ་མང་དག་ཅིག་ཀྱང་ཡོད་པ་རེད་འདུག
དགོན་པ་འདི་བཞིན་ཐོག་མར་ཕྱི་ལོ་ ༡༥༨༠ ལོར་༸རྒྱལ་དབང་སྐུ་ཕྲེང་གསུམ་པ་བསོད་ནམས་རྒྱ་མཚོ་མཆོག་གིས་ཕྱག་བཏབ་པའི་བོད་ནང་གི་དགོན་པ་གྲགས་ཅན་དང་རྙིང་ཤོས་ཀྱི་གྲས་ཤིག་ཡིན་པ་རེད།
ཡོང་ཁུངས་བོད་ཀྱི་བང་ཆེན།
གསེར་རྟ་བླ་རུང་སྒར་དུ་མེ་སྐྱོན་བྱུང་སྟེ་གྲྭ་ཤག་བརྒྱ་ལ་ཉེ་བ་འཚིགས་པ།
ཕྱི་ལོ་ ༢༠༡༤ ཟླ་ ༡ ཚེས་ ༩ རེས་གཟའ་ཕུར་བུའི་ཉིན་གྱི་ཕྱི་དྲོ་གསེར་རྟ་བླ་རུང་སྒར་དུ་མེ་སྐྱོན་བྱུང་སྟེ་གྲྭ་ཤག་མང་པོ་ཞིག་མེས་འཚིགས་ཡོད་པའི་གནས་ཚུལ་ཐོན་ཡོད།
གོང་ཚེས་ཉིན་གསེར་རྟ་བླ་རུང་སྒར་དུ་མེ་སྐྱོན་ཆེན་པོ་ཞིག་བྱུང་སྟེ་བཙུན་མའི་གླིང་གི་བཙུན་མའི་ཤག་མང་པོ་ཚིག་ཡོད་པ་དང་། མེ་སྐྱོན་བྱུང་མ་ཐག་ཆོས་སྒར་གྱི་གྲྭ་བཙུན་དང་། ས་གནས་མང་ཚོགས་ཚོས་མེ་གསོད་ཐབས་བྱས་ཡོད་ཀྱང་། ཤིང་ཁང་ལས་གྲུབ་པའི་བཙུན་མའི་བཞུགས་ཤག་ཁག་མཉམ་དུ་འདུས་ཏེ་གནས་ཡོད་པ་མ་ཟད། ས་གནས་སུ་ཆུ་དཀོན་པ་དང་། ལྷག་པར་དགུན་དུས་མཚན་མོའི་རླུང་གི་རྒྱུ་ཕྱོགས་བཅས་ལ་བརྟེན་ནས་དུས་ཐོག་མེ་གསོད་མ་ཐུབ་པར། ཚོད་དཔག་བྱས་ན་བཞུགས་ཤག་ཁང་པ་བརྒྱ་ལ་ཉེ་བ་མེར་ཚིག་ཡོད་འདུག
དེ་རྗེས་རྒྱ་ནག་གི་དམག་མི་མི་ཉུང་བ་དང་། མེ་གསོད་རུ་ཁག་གི་རླངས་འཁོར་གཉིས་ཙམ་འབྱོར་ནས་མེ་གསོད་རོགས་བྱས་ཡོད་འདུག མེ་སྐྱོན་དེའི་འོག་མིའི་སྲོག་ཤོར་མེད་ཀྱང་བཙུན་མ་གཉིས་ལ་རྨས་སྐྱོན་ཕོག་པའི་གནས་ཚུལ་ཐོན་འདུག
སྤྱིར་བཏང་བླ་རུང་སྒར་ནི་ཐོག་མར་ཕྱི་ལོ་ ༡༩༨༠ ལོར་མཁན་པོ་འཇིགས་མེད་ཕུན་ཚོགས་ཞིང་གཤེགས་དམ་པ་ཁོང་གིས་ཕྱག་བཏབ་པའི་བོད་ནང་གི་དགོན་པ་ཆེ་གྲས་ཞིག་ཡིན་འདུག ད་ལྟའི་ཆར་དགོན་པ་འདིའི་ནང་སློབ་གཉེར་གནང་མཁན་གྲྭ་བཙུན་ཁྱོན་ཁྲི་གཅིག་ཙམ་ཡོད་འདུག དེའི་ཁོངས་སུ་འཛམ་གླིང་གི་ཡུལ་གྲུ་འདྲ་མིན་དང་། དེ་བཞིན་རྒྱ་མི་རིགས་ཆིག་སྟོང་ཙམ་མ་ཟད། ཐེ་ཝན་དང་ཧོང་ཀོང་། སིངྒ་པུར། མ་ལེ་ཤི་ཡ་བཅས་ནས་ཀྱང་སློབ་གཉེར་གནང་མཁན་ཡོད་འདུག
ཡོང་ཁུངས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱ།
རྒྱལ་ཐང་རྫོང་དུ་མེ་སྐྱོན་བྱུང་སྟེ་སྡོད་ཁྱིམ་༢༤༡ཙམ་མེས་འཚིགས་པ།
ཕྱི་ལོ་ ༢༠༡༤ ཟླ་ ༡ ཚེས་ ༡༡ ཉིན་གྱི་ཞོགས་པར་ཡུན་ནན་རང་སྐྱོང་ཁུལ་རྒྱལ་ཐང་རྫོང་དུ་མེ་སྐྱོན་བྱུང་སྟེ་གནའ་བོའི་དངོས་རྫས་མང་པོ་མེར་ཚིག་ཡོད་པ་དང་། སྡོད་ཁྱིམ་ ༢༤༢ ཙམ་ལ་མེ་སྐྱོན་བྱུང་ནས་ཡུལ་མི་ ༢༦༠༠ ལྷག་གནས་སྤོར་དགོས་བྱུང་ཡོད་ཀྱང་། མི་ལ་གནོད་སྐྱོན་ཐེབས་མེད་པ་རེད།
གྲོང་ཁྱེར་དེ་མི་ལོ་ ༡༣༠༠ ལྷག་གི་ལོ་རྒྱུས་ལྡན་པའི་བོད་མི་རིགས་ཀྱི་རིག་གནས་དང་གནའ་བོའི་ཇ་ཚོང་གི་བརྒྱུད་ལམ་གལ་ཆེན་ཞིག་ཡིན་པ་མ་ཟད། འཛམ་གླིང་ཐོག་ཆེས་ཆེ་ཤོས་ཀྱི་ནང་པའི་འཁོར་ཆེན་ཡང་གནས་དེར་ཡོད་སྟབས། རྒྱ་གཞུང་གིས་གནའ་བོའི་གྲོང་ཁྱེར་གྱི་མིང་ཐོག་ནས་ཡུལ་སྐོར་སྤྲོ་འཆམ་གྱི་ལྟེ་བ་གལ་ཆེན་ཞིག་ཏུ་བརྒྱུད་བསྒྲགས་དང་། གྲོང་ཁྱེར་ཡོངས་སུ་འཛུགས་སྐྲུན་ཤུགས་ཆེན་བྱེད་ཀྱིན་ཡོད་འདུག
ཐེངས་འདིའི་མེ་སྐྱོན་ཁྲོད་ཐང་ག་སོགས་ནང་པའི་རིག་གནས་སྒྱུ་རྩལ་གྱི་ཐོན་རྫས་མང་པོ་མེར་ཚིག་པ་ཧ་ཅང་ཚབས་ཆེན་ཡིན་པ་དང་། ཁྱོན་རྒྱ་སྒོར་དུང་ཕྱུར་ ༡ ཙམ་གྱི་དཔལ་འབྱོར་གྱོང་གུད་ཐེབས་ཡོད་པའི་ཚོད་དཔག་བྱེད་ཀྱི་ཡོད་འདུག
ཡོང་ཁུངས་བོད་ཀྱི་དུས་བབ།
ཉག་ཆུ་རྫོང་ཉེ་འདབས་ཀྱི་རི་ལ་མེ་ཤོར་ནས་རྫོང་ལའང་ཉེན་ཁ་འཕྲད་པ།
ཕྱི་ལོ་ ༢༠༡༤ ཟླ་ ༡ཚེས་ ༢༥ བོད་ནས་འབྲེལ་ཡོད་ས་གནས་ཀྱི་མིས་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། བོད་དཀར་མཛེས་ཁུལ། ཉག་ཆུ་རྫོང་གི་ཉེ་འདབས་ཨོ་རུང་གི་རི་ལ་མེ་སྐྱོན་ཆེན་པོ་ཞིག་བྱུང་ནས་ཉག་ཆུ་རྫོང་ལ་ཡང་མེ་སྐྱོན་གྱི་ཉེན་ཁ་ཆེན་པོ་ཡོད་པ་དང༌། ཉེ་འཁྲིས་ཀྱི་ཕག་མོ་རིར་ཡོད་པའི་དགོན་པ་ཞིག་ལ་ཡང་ཉེན་ཁ་ཆེན་པོའི་འོག་གནས་ཡོད་འདུག
ཉག་ཆུ་རྫོང་ནི་དེང་སང་རྒྱ་གཞུང་གིས་ཆ་བགོས་བྱས་པ་ལྟར་ན། དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ཟེར་བར་རྫོང་ཁག་༡༨ཡོད་པའི་ནང་ནས་གཅིག་ཡིན་པ་དང༌། ད་ལྟ་རྒྱ་མིའི་བཙོན་ཁང་ནང་ཉེས་ཆད་ཕོག་ནས་བཞུགས་བཞིན་པའི་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེའི་དགོན་པ་ཡོད་ས་དེ་ཡིན་འདུག
ཡོང་ཁུངས་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་།
ཐེངས་ 42367 བཀླགས་འདུག