ཕྱི་ལོ་༢༠༡༣ལོར་དབྱར་རྩ་དགུན་འབུ་སྤྱི་རྒྱ་རེ་རྒྱ་སྒོར་ཁྲི་༢༦རེད་འདུག
རྒྱུས་ལོན་པ་ལྟར་ན། ཉེ་བའི་ལོ་འགའི་ནང་། དབྱར་རྩྭ་དགུན་འབུའི་རིན་གོང་བསྟུད་མར་འཕར་གྱི་ཡོད་པ་སྟེ། བསྡོམས་རྩིས་བྱས་པ་ལྟར་ན། ལོ་ངོ་ 30 ཡི་རིང་། དབྱར་རྩྭའི་རིན་གོང་སྒོར་ཁྲི་ལྷག་ཏུ་འཕར།
དབྱར་རྩྭ་དགུན་འབུ་ཐད་འཚོང་རིན་གོང་ལྟར་ན། ཁེ་སྟོང་རེར་དབྱར་རྩྭ་རྐང་ 2000 ལྟ་ན། 2009 ལོར་རིན་གོང་སྒོར་ཁྲི་ 10དང་། 2010ལོར་རིན་གོང་སྒོར་ཁྲི་ 13། 2012ལོར་རིན་གོང་སྒོར་ཁྲི་ 20། མིག་སྔར། རིན་གོང་སྒོར་ཁྲི 26ཡས་མས་སུ་སླེབས་པ་རེད།
ད་ལོའི་དབྱར་རྩ་དགུན་འབུའི་འཕེལ་ཁ་ལེགས་ཤིང་རིན་གོང་ཡང་སྔར་ལས་ཇེ་མཐོར་སོང་ཡོད་དེ། སྨན་རྩ་ཅུང་རགས་མོར་རྐང་གཅིག་ལ་སྒོར་ 70ཡས་མས་དང་། ཅུང་ཆུང་ཤས་དག་རྐང་གཅིག་ལ་སྒོར་ 40ཡས་མས་ཡིན་ལ། སྤྱི་རྒྱ་གཅིག་ལ་ཕལ་ཆེར་སྒོར་ཁྲི་ 26 ཡིན་པ་རེད།
དེང་དུས་ཚན་རིག་ཤེས་བྱ་འཕེལ་རྒྱས་འགྲོ་བ་དང་བསྟུན། ཕྱེ་ལུགས་སྨན་དང་བྱུག་རྫས་སོགས་ནང་ཆེས་དགོས་མཁོ་ཆེན་པོ་ཡོད་པ་མ་ཟད། ཕན་ནུས་ཡང་ཚད་མཐོ་པོ་ཡོད་པས། ཁྲོམ་རའི་ཐོག་རིན་གོང་ཆེས་ཆེན་པོ་ཆགས་ཡོད། རྒྱ་ནག ཐེ་ཝན། ཧོང་ཀོང་སོགས་ལ་ཕྱི་ཚོང་བྱས་ཏེ་སྤྱི་རྒྱ་རེ་ལ་ཨ་སྒོར་༣༥༠༠ནས་༥༠༠༠ བར་རག་གི་ཡོད། དབྱར་རྩྭ་དགུན་འབུ་ཡག་ཤོས་གྲངས་ ༩༠༠ ཙམ་གྱིས་རྒྱ་མ་གཅིག་ཆགས་ཀྱི་ཡོད།
བོད་ཀྱི་འབྲོག་པའི་འཚོ་བ་དང་དབྱར་རྩྭ་དགུན་འབུའི་བར་ལ་འབྲེལ་བ་ཆེ་རུ་འགྲོ་བ་འདིས། བོད་མི་རིགས་ཀྱི་ངོ་བོ་དང་ཁོར་ཡུག་གི་གནད་དོན་ཐད་དོ་ཁུར་གསར་པ་ཞིག་བྱེད་དགོས་པ་ཆགས་ཀྱི་ཡོད་འདུག་པ་དང༌། བོད་ནང་གི་བོད་མི་ཞིག་གིས། ནམ་ཞིག་དབྱར་རྩ་དགུན་འབུ་མི་སྐྱེ་བའི་ཉིན་ཞིག་ཤར་ཚེ། འབྲོག་པ་རྣམས་མུ་གེས་འཆི་རྒྱུ་ཡིན་པའི་སེམས་འཚབ་བྱེད་ཀྱི་ཡོད་འདུག
མཚོ་སྔོན་ཞིང་ཆེན་གྱི་ལོ་རེའི་དབྱར་རྩྭ་དགུན་འབུའི་འཚོལ་བསྡུའི་གྲངས་ཚད་ནི་ཏུན་བརྒྱ་ལྔ་བཅུ་དང་། ལོ་རེར་དབྱར་རྩྭ་ཏུང་བརྒྱ་ཡས་མས་ཕྱིར་འཚོངས་ཐུབ་ལ། དེའི་རྒྱ་ནག་རྒྱལ་ཡོངས་དབྱར་རྩྭའི་བཙོངས་འབོར་གྱི་བརྒྱ་ཆའི་དྲུག་ཅུ་ཡན་ཟིན་གྱི་ཡོད་འདུག མིག་སྔར། མཚོ་སྔོན་གྱི་དབྱར་རྩྭའི་ཉོ་ཚོང་གི་སྒོར་ཐེར་ཆེན་གཅིག་ལས་བརྒལ་ནས། འཛམ་གླིང་སྟེང་གི་མིང་དོན་མཚུངས་བའི་དབྱར་རྩྭ་དགུན་འབུའི་ཐོན་སྐྱེད་ཁུལ་གཙོ་བོ་དང་དབྱར་རྩྭ་ཉོ་ཚོང་གི་ཞིང་ཆེན་ཆེས་ཆེན་པོར་གྱུར་ཡོད་ཟེར།
ཉེ་ཆར། བོད་ལྗོངས་ལྷ་སའི་སྨན་རྩྭ་ཉོ་འཚོང་ཁྲོམ་ར་ནས་རྒྱུས་ལོན་བྱུང་བ་ལྟར་ན། གནས་སྐོར་དུས་ཚིགས་རིམ་གྱིས་བསླེབ་འོང་དང་བསྟུན་ནས། དབྱར་རྩ་དགུན་འབུ་ཉོ་འཚོང་བྱེད་ཚད་ཇེ་མང་དུ་ཕྱིན།
སྨན་རྩྭའི་ཚོང་ལས་གཉེར་བཞིན་པའི་ཚོང་པ་རྣམས་ཀྱིས་མཚམས་སྦྱོར་བྱས་པ་ལྟར་ན། ད་ལོའི་ཟླ་དང་པོ་ནས་བཟུང་། དབྱར་རྩྭ་དགུན་འབུའི་རིན་གོང་ཆ་སྙོམས་ཀྱིས་ 10%ཡིས་ཇེ་མཐོར་སོང་བ་དང་། སྤྱི་རྒྱ་གཅིག་ལ་དབྱར་རྩྭ་དགུན་འབུ་རྐང་ 1600ཡོད་པའི་ཚད་གཞིའི་རིན་གོང་བརྒྱ་ཆ་ 15%ཡིས་ཇེ་མཐོར་སོང་བ་སྟེ། མིག་སྔར་སྤྱི་རྒྱ་གཅིག་གི་རིན་གོང་དམངས་སྒོར་ཁྲི 38ལ་བསླེབས་ཤིང་། ཚད་གཞི་དེ་རིགས་ཀྱི་དབྱར་རྩྭ་དགུན་འབུ་ལྷ་སའི་ཚོང་རའི་སྟེང་ད་དུང་ཉོ་དཀའ་བར་འདུག
དབྱར་རྩྭ་དགུན་འབུའི་རིན་གོང་ཇེ་མཐོར་སོང་བའི་རྒྱུ་རྐྱེན་གཙོ་བོ་ཞིག་ནི། ལྷ་སའི་གནས་སྐོར་དུས་ཚིགས་ལ་ཉེ་བ་དང་བསྟུན་ནས་བོད་ལྗོངས་སུ་གནས་སྐོར་བ་ཇེ་མང་དུ་སོང་བ་དང་། ཚོང་རའི་མཁོ་འདོད་ཀྱང་ཇེ་ཆེར་སོང་བས་ཡིན་འདུག
ད་ལྟའི་ཆར་བོད་རང་སྐྱོང་ལྗོངས་ཟེར་བའི་ས་ཁུལ་གཅིག་པུའི་ནང་དབྱར་རྩྭ་དགུན་འབུ་ཐོན་པའི་རྫོང་ ༣༨ ཡོད་ཅིང་། ལོ་ཧྲིལ་བོར་དབྱར་རྩྭ་དགུན་འབུ་རྐོ་མཁན་གྱི་ཞིང་འབྲོག་མི་མང་ཁྲི་ ༣༧་༧ ལས་བརྒལ་གྱི་ཡོད་འདུག
ཐེངས་ 42260 བཀླགས་འདུག