དྷ་རམ་ས་ལར་བོད་མི་དང་རྒྱ་གར་ཡུལ་མི་ལྷན་བཞུགས་ཀྱིས་ཁོར་ཡུག་སྐོར་བགྲོ་གླེང་བྱས་པ།
ཕྱི་ལོ་ ༢༠༡༤ ཟླ་ ༡༢ ཚེས་ ༠༤ ཉིན། དྷ་ས་ཁུལ་གྱི་བོད་པ་དང་རྒྱ་གར་ཡུལ་མིའི་བར་མཐུན་སྒྲིལ་ཡར་རྒྱས་གཏོང་ཕྱོགས་དང་ཁོར་ཡུག་གཙང་ཉར་བྱེད་ཕྱོགས་སྐོར་ལ་བགྲོ་གླེང་ཞིག་གནང་བའི་ཐོག མེག་གྷན་ཁུལ་དུ་གང་བྱུང་གད་སྙིགས་གཡུག་མཁན་ཚོར་ཆད་པ་གཅོད་རྒྱུའི་སྒྲིག་སྲོལ་བཟོས་ན་ལེགས་པའི་བསམ་ཚུལ་བྱུང་།
གོང་ཚེས་ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༩།༣༠ ཐོག་དྷ་ས་མེག་གྷན་བོད་ཀྱི་གསོལ་མགྲོན་ཁང་དུ། བོད་ཀྱི་རྩོད་རྙོག་འདུམ་སྒྲིག་ཁང་གི་གོ་སྒྲིག་འོག༼ ཞི་མཐུན་མཉམ་གནས་དང་དར་རྒྱས་ཡོང་བ།༽ཞེས་པའི་བརྗོད་གཞིའི་ཐོག་བཞུགས་སྒར་གྱི་བོད་པ་དང་རྒྱ་གར་བ་བཞུགས་གྲལ་སྒོར་མོའི་ཚོགས་འདུ་ཞིག་ཚོགས་ཡོད་པ་དང་། དེར་ཧིན་བོད་མཛའ་འབྲེལ་ཚོགས་པའི་སློབ་སྟོན་པ་དང་ཚོགས་གཙོ། དྷ་སའི་གྲོང་སྡེ་ལས་ཁུངས་ཀྱི་ཚོགས་གཞོན་དང་། དྷ་ས་ཁུལ་གྱི་རྒྱ་གར་བ་དང་བོད་མིའི་གཞུང་འབྲེལ་མིན་པའི་ཚོགས་པ་དང་ཚོང་པའི་སྐྱིད་སྡུག་གི་འཐུས་མི་རེ་བཅས་མི་ ༥༠ ཡས་མས་མཉམ་ཞུགས་གནང་སྟེ། དྷ་སའི་ཁོར་ཡུག་སྲུང་སྐྱོབ་དང་བོད་པ་དང་རྒྱ་གར་ཡུལ་མིའི་མཛའ་མཐུན་གོང་འཕེལ་གཏོང་ཕྱོགས་བཅས་ལ་བགྲོ་གླེང་གནང་སོང་།
བགྲོ་གླེང་གི་ཐོག་མར་རྒྱ་གར་བ་དང་བོད་མི་ཚོས་གླུ་གཞས་གཏོང་བ་དང་ཞབས་བྲོ་འཁྲབ་པ་སོགས་བྱས་རྗེས། རྩོད་རྙོག་འདུམ་སྒྲིག་ཁང་གི་འགན་འཛིན་གཞོན་པ་བསོད་ནམས་བདེ་ཆེན་ལགས་ཀྱིས་བརྗོད་དོན། ད་ལྟ་རྒྱ་གར་ནང་ང་ཚོ་དང་ཡུལ་མི་གཤིབ་ནས་བསྡད་ཡོད་སྟབས། རང་བཞིན་གྱིས་རྩོད་རྙོག་གི་ཉེན་ཁ་དང་རྩོད་རྙོག་གི་གོ་སྐབས་མང་པོ་ཡོད་ཀྱང་། དེར་ཞེད་སྣང་སྐྱེ་དགོས་དོན་གང་ཡང་མེད་པར། རྩོད་རྙོག་ནི་མི་ཚེའི་ཆ་ཤས་ཤིག་ཆགས་ཡོད། ཅེས་བརྗོད་སོང་།
ལྟེ་གནས་ཁང་གི་གསར་འགོད་བསྒྲགས་གཏམ་ནང་། ༢༠༠༩ ལོར་ལྟེ་གནས་ཁང་གིས་བོད་མི་དང་ས་གནས་ཡུལ་མི་ཕན་ཚུན་བར་བཞུགས་གྲལ་སྒོར་མོའི་གྲོས་བསྡུར་ཞིག་ཚོགས་ཡོད་པ་དེའི་དམིགས་ཡུལ་གཙོ་བོ་བོད་པ་དང་ཡུལ་མིའི་དཀའ་ངལ་དང་ཉམས་མྱོང་ཕན་ཚུན་སྤེལ་རེས་བྱས་ཏེ་ཕན་ཚུན་ལ་བསམ་ཤེས་དང་། གཅིག་ཕན་གཅིག་གྲོགས་བྱས་ཏེ་ཧིན་བོད་མཛའ་བརྩེའི་འབྲེལ་ལམ་ཇེ་ཟབ་ཏུ་གཏོང་ཆེད་ཡིན་པ་ལྟར། ད་རེབ་ཀྱི་བགྲོ་གླེང་འདིའི་གྲོས་འཆར་གཙོ་བོ་ནི་དང་པོ་སྔོན་མའི་བགྲོ་གླེང་སྐབས་གོ་བསྡུར་བྱུང་བའི་གནད་དོན་དག་ལ་གྲུབ་འབྲས་གང་ཐོན་ཡོད་མེད་དང་། གཉིས་པ། ཁོར་ཡུག་སྲུང་སྐྱོབ་དང་འབྲེལ་བའི་ཐོག་ཡུལ་མིར་གོ་རྟོགས་དང་ལས་འཆར་གང་ཡོད། གསུམ་པ། ཧིན་བོད་མི་རིགས་གཉིས་ཀྱི་འབྲེལ་ལམ། བཞི་པ། མ་འོངས་པར་འབྲེལ་ལམ་ཇི་ལྟར་ནུས་སྟོབས་ལྡན་པ་ཞིག་བཟོ་རྒྱུ་བཅས་ལ་བགྲོ་གླེང་བསམ་ཚུལ་བསྡུ་རུབ་ཆེད་ཡིན་སྐོར་འཁོད་འདུག
དྷ་སའི་ཚོང་ཁང་སྐྱིད་སྡུག་གི་ཚོགས་མི་འཕྲིན་ལས་བྱམས་པ་ལགས་ཀྱིས་བརྗོད་དོན། དྷ་རམ་ས་ལའི་ཁོར་ཡུག་འདི་ཧ་ཅང་བཙོག་པོ་བཟོས་ན་ཕྱི་རྒྱལ་བ་ཚོས་ལྟ་ཕྱོགས་ཡག་པོ་ཡོང་གི་མེད་སྟབས། ང་ཚོས་ཀྱང་ཡར་རྒྱས་ཕྱིན་པའི་རྒྱལ་ཁབ་ཁག་ལྟར་གད་སྙིགས་གང་བྱུང་དུ་གཡུག་མཁན་ཚོར་ཆད་པ་གཅོད་རྒྱུ་མགོ་འཛུགས་དགོས་ཀྱི་འདུག ཅེས་བརྗོད་སོང་།
བོད་མཛའ་འབྲེལ་ཚོགས་པའི་སློབ་སྟོན་པ་རམ་སཱོ་རབ་ (Ram swaroop) ལགས་ཀྱིས་བརྗོད་དོན། ༡༩༨༠ ལོར་ཉིན་རྒྱབ་ཆུ་ཚོད་ལྔ་པ་ཡས་མས་ནས་བཟུང་གྷ་གལ་ནས་དྷ་རམ་ས་ལའི་བར་གླ་གཏོང་རླངས་འཁོར་གཅིག་ཀྱང་འགྲོ་མཁན་མེད་པ་མ་ཟད། སྤྱི་སྤྱོད་རླངས་འཁོར་ཀྱང་མཐོང་དཀོན་པོ་ཡིན་སྟབས། སྐབས་དེ་དུས་དྷ་རམ་ས་ལའི་མི་ཞིག་གིས་གླ་གཏོང་རླངས་འཁོར་ཞིག་ཉོས་པར། མི་ཚང་མས་ཁོ་སྨྱོན་པ་རེད། གླ་གཏོང་རླངས་འཁོར་ནང་མི་སུ་འགྲོ་རྒྱུ་རེད་ཟེར་ནས་འཕྱ་སྨོད་བྱས་པ་རེད། ད་ལྟ་མེག་གྷན་ལ་གླ་གཏོང་རླངས་འཁོར་ ༦༠༠ དང་དྷ་ཤོད་དུ་ ༥༠༠ ལྷག་ཡོད། དྷ་རམ་ས་ལའི་འགྱུར་ལྡོག་འདི་མི་རབས་རྒན་པ་དང་ཤེས་ཡོན་པ་ཚོས་ཀྱང་ཚོད་དཔག་བྱེད་མ་ཐུབ་པ་ཞིག་ཆགས་ཡོད་སྟབས། འཁྲུག་ཆ་དོད་པོའི་དུས་ཚོད་འདིའི་ནང་ཁོར་ཡུག་སྲུང་སྐྱོབ་དང་ཡུལ་མི་ཕན་ཚུན་འཆམ་མཐུན་མཉམ་གནས་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ཅེས་བརྗོད་སོང་།
སྨན་པ་ཐོགས་མེད་ལགས་ཀྱིས་ཁོར་ཡུག་དང་འབྲེལ་བའི་ཐོག་བརྗོད་དོན། ཞོགས་པ་སྔ་པོ་ནམ་མཁའ་གསལ་དུས་རྟག་པར་དྷ་རམ་ས་ལའི་གཙུག་ལག་ཁང་དང་དགུ་བཅུ་གསུམ་གྱི་ཉེ་འཁྲིས་སུ་གད་སྙིགས་རི་ལྟར་སྤུངས་འདུག གད་སྙིགས་དེ་དག་སུ་ཞིག་གིས་གཡུག་གི་ཡོད་མེད་ང་ཚོས་ཤེས་ཀྱི་ཡོད་པ་མ་རེད། ང་ཚོའི་སྨན་ཁང་ངོས་ནས་འགྲོ་གྲོན་བཏང་སྟེ་འདིར་གད་སྙིགས་མ་གཡུག་རོགས་ཞེས་ཡི་གེ་སྦྱར་ན། ཡི་གེ་སྦྱར་བྱེད་དེ་ཡང་མིས་འཁྱེར་འགྲོ་གི་འདུག མ་འོངས་པར་ང་ཚོས་ག་རེ་བྱེད་དགོས་པ་རེད་ཟེར་ན། གཙུག་ལག་དང་མེག་གྷན་ཁྲོམ་ལམ་གཡས་གཡོན་དུ་བརྙན་ལེན་འཕྲུལ་ཆས་ (CCTV) བཙུགས་ཏེ། མི་ངན་ཚོའི་བྱ་སྤྱོད་ལ་ཚོད་འཛིན་བྱ་དགོས་ཀྱི་འདུག ཅེས་བརྗོད་གནང་།
ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་ཨཱ་ཇི་སིང་མོང་གྷོ་ཌི་ཡ་ལགས་ཀྱིས་བརྗོད་དོན། ངས་ཀྱང་གོང་གི་བསམ་ཚུལ་དེར་རྒྱབ་སྐྱོར་ཡོད། དྷ་ས་མེག་གྷན་ལམ་ཟུར་ཁག་ཏུ་བརྙན་ལེན་འཕྲུལ་ཆས་བཙུགས་ཏེ། མི་སུ་ཞིག་གིས་གད་སྙིགས་གཡུག་གི་ཡོད་ན་དེ་ཐེར་འདོན་བྱེད་དགོས་པ་མ་ཟད། སློང་མོ་བ་རྣམས་ས་ཕྱོགས་གཞན་ལ་གཏོང་ཐབས་བྱས་ཏེ། རང་ཉིད་སྡོད་ཡུལ་ཁོར་ཡུག་གཙང་མ་ཉར་ཏེ་། རྒྱལ་སྤྱིའི་མང་ཚོགས་ཚོས་དྷ་རམ་ས་ལ་འདིར་དགའ་ཞེན་བྱེད་ཡུལ་ཞིག་བཟོ་རྒྱུ་གལ་ཆེན་པོ་རེད། ཅེས་བརྗོད་གནང་།
དགུ་བཅུ་གསུམ་ཚོགས་པར་དང་བླངས་ལས་ཀ་བྱེད་བཞིན་པའི་རྒྱ་གར་བུད་མེད་ཅིག་གིས་བརྗོད་དོན། དྷ་རམ་ས་ལའི་གད་སྙིགས་ཐོག་སྔོན་མ་ནས་སྐད་ཆ་ཤོད་མཁན་མང་པོ་བྱུང་ཡོད་ཀྱང་། ད་དུང་ཡར་རྒྱས་གང་ཡང་ཕྱིན་མི་འདུག གང་ཡིན་ཞེ་ན། ང་ཚོ་རྒྱ་གར་བ་ཚོར་དུད་འགྲོ་ལྟར་གང་བྱུང་གད་སྙིགས་གཡུག་པའི་གོམས་སྲོལ་ཞིག་ཡོད་སྟབས། སྤྱི་ཚོགས་འདིར་གོ་བ་ཡག་པོ་ཡོང་རྒྱུ་ལས་སླ་པོ་ཞིག་མ་རེད། ང་སྡོད་སའི་ལྡེ་ར་རྡུན་ནང་མངའ་སྡེའི་གཞུང་གིས་གད་སྙིགས་དང་ཁོར་ཡུག་ཐོག་ཧ་ཅང་དོ་ནན་ཆེན་པོ་བྱེད་ཀྱིན་ཡོད་སྟབས། ཁོར་ཡུག་འབགས་བཙོག་གི་དཀའ་ངལ་ཧ་ལམ་མེད་པ་ཆགས་འདུག ཅེས་སོགས་བརྗོད་གནང་།
པར་དང་གནས་ཚུལ་ཡོང་ཁུངས་བོད་ཀྱི་དུས་བབ།
ཐེངས་ 42378 བཀླགས་འདུག