དེ་རིང་ཆབ་མདོ་སྟེང་ཆེན་དུ་ས་ཡོབ་བརྒྱབ་འདུག
དེ་རིང་ཁམས་ཆབ་མདོ་ས་ཁུལ་དུ་ཚད་རིམ་ ༥.༥ ཅན་གྱི་ས་ཡོམ་བརྒྱབ་སྟེ་ཡུལ་མི་གཉིས་རྐྱེན་ལམ་དུ་ཕྱིན་ཡོད་པ་དང་གཞན་མང་པོ་ཞིག་ལ་རྨས་སྐྱོན་ཕོག་ཡོད་འདུག
རྒྱ་ནག་གཞུང་འབྲེལ་ཞིན་ཧྭ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། དེ་རིང་ཞོགས་པའི་བོད་ནང་ཆུ་ཚོད་ ༩།༡༥ སྟེང་ཁམས་ཆབ་མདོ་སྟེང་ཆེན་རྫོང་ཀ་ཊ་གྲོང་རྡལ་ (Kata Town) དུ་ཚད་རིམ་ ༥.༥ ཅན་གྱི་ས་ཡོམ་བརྒྱབ་ཏེ། ཡུལ་མི་གཉིས་ལ་རྨས་སྐྱོན་ཕོག་པ་དང་གཞུང་ལམ་བརྡིབ་སྐྱོན་བྱུང་ཡོད་པ། ས་གནས་སྲིད་གཞུང་གིས་མྱུར་སྐྱོན་རུ་ཁག་དང་ས་འདེད་འཕྲུལ་འཁོར་བཏང་སྟེ་ས་ཡོམ་བྱུང་བའི་ས་ཁུལ་དུ་རྟོགས་ཞིབ་བྱེད་བཞིན་ཡོད་སྐོར་ཙམ་བསྒྲགས་པ་ལས། ས་ཁུལ་དེའི་ཡུལ་མིའི་ཚེ་སྲོག་དང་སྡོད་ཁང་སོགས་ལ་གནོད་འཚེ་ཅི་ཙམ་ཕོག་ཡོད་མེད་གསལ་བཤད་བྱས་མེད་ཀྱང་། དེ་རིང་ཕྱི་དྲོར་ཨེ་ཕེ་གསར་ཁང་གིས་གནས་ཚུལ་སྤེལ་བའི་ནང་། ཆབ་མདོ་སྟེང་ཆེན་རྫོང་དགའ་མོ་ཐང་གྲོང་རྡལ་དུ་ (Gyamotang village) བོད་ནང་ཆུ་ཚོད་ ༩།༡༥ སྟེང་ཚད་རིམ་ ༥.༥ ཅན་གྱི་ས་ཡོམ་བརྒྱབ་ཏེ། མི་ ༢ རྐྱེན་འདེས་དང་གཞན་ཡུལ་མི་ ༦༠ ལ་རྨས་སྐྱོན་ཕོག་ཡོད་པ་དང་། དེ་དག་ལས་མི་ ༦ གི་གནས་སྟངས་ཚབས་ཆེན་ཡིན་པ་དང་། ས་ཁུལ་དེའི་གཞུང་ལམ་དང་ཟམ་པ། ཡུལ་མིའི་སྡོད་ཁང་སོགས་བརྡིབ་སྐྱོན་ཚབས་ཆེན་བྱུང་ཡོད་སྐོར་འཁོད་འདུག
རྒྱ་ནག་གི་ས་ཡོམ་འབྲེལ་མཐུད་ལྟེ་གནས་ཁང་གིས་ཐེངས་འདིའི་ས་ཡོམ་དེ་ནི་འཕྲེད་ཐིག་བྱང་མ་ཚད་རིམ་ ༣༡.༩༩ དང་གཞུང་ཐིག་ཤར་མ་ཚད་རིམ་ ༩༤.༩༤ ཡོད་དང་། ས་ཡོམ་ཐོན་ཁུངས་ཀྱི་གཏིང་ཚད་ལ་སྤྱི་ལེ་ ༧ ཡོད་ལུགས་བཤད་འདུག
ཨེ་ཕེ་གསར་ཁང་གི་གནས་ཚུལ་ནང་མུ་མཐུད་དུ། རི་བོ་ཧི་མ་ལ་ཡའི་འདབས་འབྲེལ་རྒྱ་ནག་ནུབ་ཁུལ་ནི་ས་ཡོམ་གྱི་འབྱུང་གནས་གཙོ་བོ་ཞིག་ཡིན་ཞིང་། ཕྱི་ལོ་ ༢༠༠༨ ལོའི་ཕྱི་ཟླ་ ༥ བར་སི་ཁྲོན་ཞིང་ཆེན་ནང་ཚད་རིམ་ ༧.༩ ཅན་གྱི་ས་ཡོམ་བྱུང་བའི་ཁྲོད་ཡུལ་མི་ ༩༠,༠༠༠ རྐྱེན་འདས་སུ་གྱུར་ཡོད་པ་དང་། ཕྱི་ལོ་ ༢༠༡༠ ལོར་ཡུལ་ཤུལ་ཁུལ་དུ་བྱུང་བའི་ས་ཡོམ་ཁྲོད་ཡུལ་མི་ ༣,༠༠༠ ཙམ་རྐྱེན་ལམ་དུ་ཤོར་ཡོད་སྐོར་སོགས་འཁོད་འདུག
བོད་ཀྱི་དུས་བབ་ལས་དྲངས།
ཐེངས་ 42294 བཀླགས་འདུག