དམག་མིའི་ལྟ་སྲུང་འོག་གཏེར་ཁ་སྔོག་པའི་ལས་གཞི་སྤེལ་གྱིན་འདུག
རྒྱ་གཞུང་གིས་འཕྲལ་དུ་དྲག་གནོན་བྱེད་པར་གྲ་སྒྲིག་ཡོད་པའི་ཐོག་ནས་རྔ་བ་ཁུལ་ཆུ་ཆེན་རྫོང་ཨ་ཁོ་རེས་ཡུལ་ཚོའི་གནས་རིའི་གཏེར་ཁ་སྔོག་པའི་ལས་གཞི་མུ་མཐུད་དུ་ལག་བསྟར་བྱེད་བཞིན་འདུག
རྒྱ་གར་ལྷོ་ཕྱོགས་སུ་ཡོད་པའི་འབྲེལ་ཡོད་བོད་མི་ཞིག་གིས་འདི་གར་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། ཉེ་སྔོན་རྒྱ་གཞུང་ཉེན་རྟོག་པ་དང་དམག་མིས་རྔ་བ་ཁུལ་ཆུ་ཆེན་རྫོང་ཨ་ཁོ་རེས་ཡུལ་ཚོའི་གནས་རི་སྲུང་སྐྱོབ་པ་ཚོར་དྲག་གནོན་འཛིན་བཟུང་བྱས་ཡོད་པ་ལྟར། ཕྱི་ཟླ་ ༥ ཚེས་ ༢༠ ཉིན་སླར་ཡང་ཡུལ་ཚོའི་ནང་ཉེན་རྟོག་རླངས་འཁོར་ ༣༠ ཙམ་ཡོང་སྟེ། སྲིད་གཞུང་གི་ལས་གཞིར་འགོག་རྐྱེན་བཟོས་ན་ཉེས་ཆད་ལྗིད་མོ་གཅོད་རྒྱུ་ཡིན་པའི་འཇིགས་སྐུལ་བཀའ་རྒྱ་བསྒྲགས་པ་དང་འབྲེལ་མུ་མཐུད་ལས་གཞི་ལག་བསྟར་བྱེད་བཞིན་ཡོད་པ་དང་། ལས་གཞིར་འགོག་རྐྱེན་བཟོས་ན་འཕྲལ་དུ་དྲག་གནོན་འཛིན་བཟུང་བྱེད་པར་གྲ་སྒྲིག་བྱས་ཏེ་མི་མང་གི་འགྲོ་འདུག་སྤྱོད་གསུམ་ལ་ལྟ་སྲུང་བྱེད་བཞིན་ཡོད་འདུག
གནས་ཚུལ་མཁོ་སྤྲོད་པས་ས་གནས་བོད་མི་ཚོས་གསང་བའི་ཐོག་ནས་རྒྱ་ནག་ནང་ལོགས་ཀྱི་གསར་འགོད་པ་ཞིག་ལ་འབྲེལ་བ་བྱས་ཏེ། གཏེར་ཁ་སྔོག་འདོན་གྱིས་གཙོས་ས་གནས་ཀྱི་དཀའ་ངལ་རྣམས་ལ་རྒྱུས་ལོན་བྱས་ནས་ཡོངས་བསྒྲགས་ཀྱི་གནས་ཚུལ་ཞིག་སྤེལ་བའི་རེ་བ་ཞུས་ཡོད་ཀྱང་། ཐོག་མར་འབྲེལ་བ་བྱུང་སྐབས་ནས་གསར་འགོད་པ་དེས་མི་རིགས་ཀྱི་གནད་དོན་དང་ཆོས་ལུགས་རང་དབང་གི་གནད་དོན་སོགས་ཀྱི་སྐོར་རྒྱུས་ལོན་བྱེད་ཐུབ་ཀྱི་མེད་སྐོར་གསལ་པོ་བརྗོད་ཡོད་པ་ལྟར། དེ་དང་འབྲེལ་གྱི་གནས་ཚུལ་གང་ཡང་སྤེལ་མེད་ཀྱང་། གསར་འགོད་པས་རྒྱུས་ལོན་བྱས་པ་བརྒྱུད་རྒྱ་ནག་གཏེར་ཁ་སྔོག་འདོན་ཁང་གིས་བོད་ཁུལ་གྱི་ས་ཆ་མང་པོར་གཏེར་ཁ་སྔོག་འདོན་གྱི་ལས་གཞི་ཧ་ཅང་མང་པོ་ལག་བསྟར་བྱས་དང་བྱེད་མུས་ཡིན་པ་ལྟར། གཏེར་ཁ་སྔོག་འདོན་གྱི་ལས་གཞིའི་ནང་ཆུ་ཆེན་རྫོང་ཨ་ཁོ་རེས་ཡུལ་ཚོའི་གཏེར་ཁ་སྔོན་འདོན་ཚུད་ཡོད་པ་གསལ་འདོན་བྱས་ཡོད་སྟབས། དང་ཐོག་རྒྱ་གཞུང་གིས་ལས་གཞི་དེ་མང་ཚོགས་ཀྱི་འཚོ་བར་ཕན་བདེ་བསྐྲུན་ཆེད་ཡིན་སྐོར་བརྗོད་པ་དེའི་རྫུན་རྐུབ་བརྟོལ་ཡོད་པ་དང་། གསར་འགོད་པས་རྒྱུས་ལོན་བྱས་པའི་གནས་ཚུལ་དེ་རྒྱ་ནག་གི་ཞིང་ཆེན་ཁག་ ༡༧ ཙམ་གྱི་ནང་གཏོང་བཞིན་པའི་གསར་འགྱུར་བརྒྱུད་ལམ་དུའང་སྤེལ་ཡོད་སྐོར་བརྗོད་བྱུང་།
ཡང་ཁོང་གིས། ཨ་ཁོ་རེས་ཡུལ་ཚོ་ནི་ས་སྟོང་ལུང་སྟོང་དང་ཡུལ་མཐའ་འཁོབ་ཅིག་ཡིན་ལ། ས་གནས་མགོ་ཁྲིད་ཚོ་ཡིན་ནའང་སྤུས་ཀ་ཞན་ཞིང་ཤེས་ཡོན་མེད་པ། སྒེར་གཅོད་དབང་ཡོད་ཁོ་ན་བྱས་ནས་བསྡད་ཡོད་པ་ལས་རྒྱལ་ཁབ་ཀྱི་ཁྲིམས་ལུགས་སོགས་གང་ཡང་ལག་བསྟར་བྱེད་ཀྱི་མེད་ལ། ཕྱི་ལོ་ ༢༠༡༣ ཙམ་ནས་བཟུང་ཡུལ་དེར་གློག་ཁང་རྒྱག་རྒྱུ་ཡིན་པར་ཁ་གཡར་ནས་ལམ་ཀ་བཟོས་ཏེ། ཉེ་འཁོར་ཡུལ་སྡེ་བཞི་ཡི་ཡབ་མེས་ནས་མཆོད་གནས་སུ་གྱུར་བའི་གནས་རི་རྩ་ཆེན་ཞིག་ཡོད་པ་དེར་བཙན་དབང་གིས་གཏེར་ཁ་སྔོག་འདོན་གྱི་ལས་གཞི་སྤེལ་བཞིན་ཡོད་སྟབས། ས་གནས་མང་ཚོགས་ཀྱིས་འབྲེལ་ཡོད་ལས་ཁུངས་ལ་ལས་གཞི་མྱུར་ཏུ་མཚམས་འཇོག་དགོས་པའི་སྙན་ཞུ་རིམ་པར་སྤྲད་ཀྱང་ཕན་ཐོགས་བྱུང་མེད་ལ། འདི་ལོའི་ཕྱི་ཟླ་ ༣ པའི་ནང་ས་གནས་བོད་མི་ ༢༠༠ ཙམ་གྱིས་ཞི་རྒོལ་བྱེད་སྐབས། ཉེན་རྟོག་པས་ཞི་རྒོལ་བ་ ༣༠ ཙམ་ལ་གང་བྱུང་གཅར་རྡུང་བཏང་ཡོད་པ་དང་། མི་ ༧ འཛིན་བཟུང་གིས་གཅར་རྡུང་བཏང་སྟེ་ཁ་ཤས་ལ་རྨས་སྐྱོན་ཆེན་པོ་བཟོས་ཡོད་པ་མ་ཟད། ཁོང་ཚོ་ཀློད་གྲོལ་གཏོང་སྐབས་བསྐྱར་དུ་ངོ་རྒོལ་མི་བྱེད་པའི་ཡིག་ཆར་བཙན་གྱིས་མིང་རྟགས་འགོད་དུ་བཅུག་ཡོད་སྐོར་བརྗོད་བྱུང་།
འདི་ལོའི་ཕྱི་ཟླ་ ༥ ཚེས་ ༢༧ དང་ ༢༨ ཉིན་གྱི་ཨ་ཁོ་རེས་ཡུལ་ཚོའི་གཉེན་སྟོན་འདུ་འཛོམས་ཤིག་གི་ཐོག ས་གནས་བོད་མི་ཚོས་བློ་ཐག་རྦད་གཅོད་ཀྱིས་རང་ས་རང་སྲུང་བྱ་རྒྱུ་ཡིན་པའི་ཐག་གཅོད་བྱུང་བ་ལྟར། སི་ཁྲོན་ཞིང་ཆེན་དང་དབུས་སྲིད་གཞུང་ལ་སྙན་ཞུ་དོན་ཚན་ ༦ ཅན་ཞིག་སྤྲད་ཡོད་ཀྱང་། སྲིད་གཞུང་གིས་དང་ལེན་མ་བྱས་པར་ཕྱིར་སློག་བཏང་ཡོད་འདུག སྙན་ཞུ་དེའི་ནང་གནས་རི་ནི་རིན་ཐང་བྲལ་བ་ཞིག་ཡིན་པས་དངུལ་སྒོར་གྱིས་ཉོ་ཐུབ་པ་ཞིག་མིན་སྟབས། ནམ་ཡང་བུ་རབས་ཚ་རྒྱུད་ལ་ངོ་གནོང་དགོས་པའི་ལས་ཀ་བྱ་རྒྱུ་མིན་ལ། ཉེན་རྟོག་པས་ལག་ཏུ་ཚོན་ཆ་གང་ཡང་མེད་པའི་བོད་མི་ཚོའི་ཐོག་ལ་དེང་རབས་ཀྱི་ཚོན་ཆ་དྲག་པོ་བཀོལ་བར་ཡ་ལན་གང་ཡང་ཡོང་གི་མི་འདུག་ཀྱང་། ལས་གཞི་དེར་མོས་མཐུན་མི་བྱེད་པའི་བློ་ཐག་གཙང་བཅད་བྱས་ཡོད་སྟབས། འཕྲལ་དུ་བྱ་སྤྱོད་དེ་མཚམས་འཇོག་ཡོང་བའི་རེ་བ་ཞུ་ཡི་ཡོད། ཉེན་རྟོག་ཁང་གི་མགོ་ཁྲིད་ལི་ཆིན་སོགས་ཀྱི་བྱ་སྤྱོད་ལ་འབྲེལ་ཡོད་ལས་ཁུངས་ནས་འདྲ་མཉམ་གྱི་ཐག་གཅོད་ཅིག་བྱེད་དགོས་པ་མ་ཟད། མི་མང་ལ་དོན་མེད་འཇིགས་སྐུལ་བྱེད་པའི་བྱ་སྤྱོད་འཕྲལ་དུ་མཚམས་བཞག་སྟེ། གནོད་སྐྱོན་ཕོག་པའི་ཉེས་མེད་མི་མང་ལ་གུན་གསབ་སྤྲོད་པར་ཁྲིམས་ཀྱིས་འགན་འཁུར་ལེན་དགོས་པའི་རེ་སྐུལ་བྱས་འདུག
བོད་ཀྱི་དུས་བབ་ལས་དྲངས།
ཐེངས་ 42421 བཀླགས་འདུག