Donate

ཆུའི་ཐོན་ཁུངས།

འཇིག་རྟེན་འདིའི་སྒང་ལ་འགྲོ་བ་མིའི་གཙོས་པའི་སྲོག་ལྡན་དང་སྐྱེ་དངོས་ཐམས་ཅད་ཆུ་ལ་བརྟེན་མི་དགོས་པ་གཅིག་ཀྱང་མེད་ལ། ཆུ་ནི་ཚེ་སྲོག་གི་འབྱུང་རྩ་ཡིན་པ་བཤད་ཀྱི་ཡོད། ས་ཞིང་འདེབས་ལས་དང༌། རྩི་ཤིང་སྐྱེ་འཕེལ། བཟོ་ལས་ཚན་རྩལ་ཐམས་ཅད་ཆུ་ལ་བརྟེན་དགོས་ཤིང༌། འབྲས་ཞིང་འདེབས་ལས་ལྟ་བུ་ལ་མཚོན་ན་ཆུ་མེད་དུ་མི་རུང་བ་ཆགས་ཡོད། དེ་བཞིན་གྲོ་ཞིང་མུའུ་གཅིག་ལ་ཆུ་རྒྱ་མ་ཁྲི་བརྒྱ་འདྲེན་དགོས་ཀྱི་ཡོད་པ་དང༌། འགྲོ་བ་མི་ཞིག་ལ་མཚོན་ན་ཆུ་མེད་དུ་མི་རུང་བ་ཞིག་ཡིན་པས་ཁ་ཟས་ཉིན་གྲངས་བཅུ་ནས་བཞི་བཅུ་བར་མེད་ན་མི་ཤི་ཡི་མེད་ལ། ཡིན་ནའང་ཆུ་འཐུང་རྒྱུ་མེད་ན་མི་ཉིན་གསུམ་ལྷག་འཚོ་གནས་བྱེད་མི་ཐུབ་པར་ཤི་ཡི་ཡོད་པ་བཤད་ཀྱི་ཡོད། ང་ཚོ་མིའི་ལུས་པོའི་བརྒྱ་ཆ་བདུན་ཅུ་ཆུ་ཡིན་པ་རེད། གོང་དུ་འགྲེལ་བརྗོད་བྱས་པའི་ས་གཞི་ཉིལ་ཟད་འགྱུར་ལྡོག་དཀའ་ངལ་དེས་འཛམ་གླིང་ནང་གི་ཆུའི་དཀའ་ངལ་ཆེ་རུ་འགྲོ་ཡི་ཡོད།

དེ་བཞིན་འགྲོ་བ་མིའི་གྲངས་འབོར་འཕེལ་བཞིན་པ་དང་བསྟུན། མི་རྣམས་ལ་ཞིང་ལས་དང༌། བཟོ་ལས། གློག་ཁང་གི་ཆེད་དུ་ཆུའི་དགོས་མཁོ་ཤིན་ཏུ་ཆེ་བའི་ས་འོག་གི་ཆུ་རྣམས་ཆེས་མྱུར་པོ་ཟད་འགྲོ་ཡི་ཡོད་པ་དང༌། མཐར་ཨ་རི་དང༌། ཨི་སི་རལ། སི་རི་ཡ། ཨ་རབ་མཚོ་ཁུག་གི་རྒྱལ་ཁབ་བཅས་ཀྱི་མཚོ་མཐའ་ནས་ཚྭ་ཆུ་རིགས་འཛུལ་འོང་གི་ཡོད་པ་མ་ཟད། སྐམ་སའི་ཁུལ་གྱི་ཆུ་འཐེན་སྐབས་རྡོ་དང་སྙིགས་བསགས་བྲག་རྡོ་རྣམས་དམ་དུ་འགྲོ་བ་ལ་བརྟེན་ནས་ས་གཞི་རྡིབ་སྐྱོན་གྱི་དཀའ་ངལ་བཟོ་ཡི་ཡོད་ལ། དེ་འདྲའི་ས་གཞི་རྡིབ་སྐྱོན་དེས་ཨ་རི་རྒྱལ་ཁབ་ཀྱི་གྲོང་ཁྱེར་དང་ས་གནས་འགའ་ཤས་ལ་ད་ལྟའི་ཆར་ཛ་དྲག་གི་དཀའ་ངལ་ཞིག་ཏུ་གྱུར་ཡོད།

འཛམ་བུ་གླིང་གི་ཆུའི་སྤུས་ཚད་དང་འབོལ་ཚད་མུ་མཐུད་ཉམས་རྒུད་འགྲོ་བཞིན་ཡོད་པའི་ཤེས་རྟོགས་ཡོང་གི་ཡོད་པ་དང༌། འགྲོ་བ་མི་རྣམས་ཀྱིས་ཆུ་གཙང་མ་ཡོད་བཞིན་པའི་ནང་ནས་བརྒྱ་ཆ་ ༥༥ བེད་སྤྱོད་བཏང་ཟིན་ཅིང༌། མི་འབོར་ཡང་མུ་མཐུད་འཕར་བཞིན་པ་ལྟར་ཆུ་གཙང་མའི་ཐོན་ཁུངས་ལ་དཀའ་ངལ་ཆེ་རུ་འགྲོ་ཡི་ཡོད་པ་རེད། དེང་སང་འཛམ་བུ་གླིང་གི་གྲོང་གསེབ་ཀྱི་བརྒྱ་ཆ་ ༧༥ དང་གྲོང་ཁྱེར་གྱི་བརྒྱ་ཆ་ ༢༠ ཐམ་པ་ལ་ཆུ་གཙང་མ་ཐོབ་ཀྱི་མེད་ལ། ས་ཁུལ་མང་ཆེ་བའི་ཆུའི་ཉེར་མཁོ་དེ་དག་དུག་ཤེད་ཅན་གྱི་རྫས་སྦྱོར་རིགས་ཀྱིས་བཙོག་པ་བཟོ་ཡི་ཡོད་ཅིང༌། ཆུ་བརྒྱུད་ནས་འོང་བའི་ན་ཚས་འགྲོ་བ་མིའི་སུམ་ཆ་གཅིག་གི་ལུས་ཀྱི་ནུས་སྟོབས་འཇོམས་ཀྱི་ཡོད་པ་དང༌། ལོ་རེའི་ནང་མི་ས་ཡ་བཅུ་ཙམ་འཆི་ལམ་དུ་འགྲོ་ཡི་ཡོད། དེ་བཞིན་རྒྱ་མཚོར་འབག་བཙོག་དང༌། རྡོ་སྣུམ་དང༌། གྲུ་གཟིངས་སྣུམ་སོགས་ཀྱིས་རྒྱ་མཚོར་རྫས་སྐྱོན་ཐེབས་ཏེ་ཆུ་གནས་སྲོག་ཆགས་གྲངས་ལས་འདས་པ་ཚེ་སྲོག་ཤོར་གྱི་ཡོད་པ་མ་ཟད། རྒྱ་མཚོའི་ཐོན་ཁུངས་ཁག་ལ་རང་གཞིན་གྱིས་གནོད་སྐྱོན་གཏོང་གི་ཡོད་པ་རེད། རྒྱ་མཚོའི་ཐོན་ཁུངས་ནི་སྐམ་སའི་ཐོན་ཁུངས་དང་བསྡུར་ན་རྒྱ་མཚོའི་ཐོན་ཁུངས་ཆེས་མང་བ་དང་རིན་ཐང་ཆེ་བ་ཡོད་པ་ངོས་འཛིན་བྱེད་ཀྱི་ཡོད།

འཛམ་བུ་གླིང་གི་ས་ཆའི་ཆ་ཤས་མང་པོའི་ས་འོག་གི་ཆུ་རྣམས་སྟོངས་ཟད་དུ་འགྱུར་བ་དང་ཕྱོགས་གཅིག་ནས་ཆུའི་དགོས་མཁོ་ཆེ་རུ་འགྲོ་བཞིན་པ་དེས་སོ་ནམ་ཞིང་ལས་དང༌། བཟོ་གྲྭའི་ལས་ཀ། གློག་ཤུགས་མཁོ་འདོན། གྲོང་ཁྱེར་བཅས་ཀྱི་ཆུའི་བེད་སྤྱོད་ཐོག་དཀའ་ངལ་ཆེན་པོར་གྱུར་ཡོད། དེ་འདྲའི་ཆུ་ཉུང་དྲགས་པ་ལ་བརྟེན་ནས་ཆུའི་བེད་སྤྱོད་ཐོག་ལ་བཀག་སྡོམ་དང་དེ་བཞིན་ཆུའི་རིན་གོང་འཕར་ངེས་ཡིན་པ་མ་ཟད། དུས་རབས་ཉེར་གཅིག་པའི་ནང་ཆུ་ལ་བརྟེན་པའི་ཐོན་ཁུངས་དང་ནུས་ཤུགས་དག་ལ་དཀའ་ངལ་འཕྲད་ངེས་དང༌། མཚོ་ཁའི་ཆུ་དང་ཆུ་གཙང་གཞན་རྣམས་ཚད་ལས་འདས་པའི་བེད་སྤྱོད་བྱས་པ་ལ་བརྟེན་ནས་ཉ་གཙོས་པའི་ཆུ་གནས་སྲོག་ཆགས་རིགས་འཚོ་གནས་དང་གསོ་སྤེལ་བྱ་ཡུལ་རྣམས་སྟོང་ཟད་དུ་གྱུར་ཅིང༌། དེ་འདྲའི་རྟེན་གཞི་དང་ཐོན་ཁུངས་ཤིག་སླར་གསོ་བྱེད་པར་ལོ་ལྔའམ་བཅུ་ཙམ་རིང་ཆུ་གནས་སྲོག་ཆགས་རིགས་འཛིན་བཟུང་བྱེད་རྒྱུ་རྩ་བ་ནས་སྤང་དགོས་པ་ཆགས་ཡོད།།

ཐེངས་ 42179 བཀླགས་འདུག