Donate

ཆུ་ལོག་གི་གནོད་སྐྱོན་ཆེན་པོ་འབྱུང་ཉེན་འདུག

རྒྱ་གཞུང་གིས་ཕྱི་ལོ་ ༡༩༩༨ ལོའི་འབྲི་ཆུའི་ཆུ་ལོག་གི་གནོད་སྐྱོན་ལྟ་བུ་ཞིག་ད་ལོར་འབྱུང་ཉེན་ཆེན་པོ་ཡོད་སྐོར་བརྗོད་འདུག

1998-1-600x400ཟླ་འདིའི་ཕྱི་ཚེས་ ༤ ནས་བཟུང་སི་ཁྲོན་དང་ཡུན་ནན། ཧྥི་ཅན་སོགས་རྒྱ་ནག་གི་ཞིང་ཆེན་ ༡༠ ཡི་ནང་དྲག་ཆར་བསྟུད་མར་བབས་པའི་རྐྱེན་གྱིས་ཆུ་ལོག་དང་རི་ཉིལ་གྱི་གནོད་སྐྱོན་བྱུང་བཞིན་ཡོད་པ་དང་། རྒྱ་ནག་གི་བརྒྱུད་ལམ་ཁག་ནས་གནས་ཚུལ་ཐོན་པ་ལྟར་ན། ད་ལྟའི་བར་ཉུང་མཐར་མི་གྲངས་ ༦༦ རྐྱེན་ལམ་དུ་ཤོར་བ་དང་། མི་ ༡༠ ཆར་སོང་ཆ་མེད། མི་གྲངས་ས་ཡ་ ༤ ལྷག་(༤༦༦༦༠༠༠)ལ་གནོད་འཚེ་ཕོག་ཡོད་པའི་ཁྲོད། ཁང་པ་ ༥༢༠༠ ལྷག་བརྡིབས་པ་དང་ཁང་པ་ཁྲི་ ༧ ལྷག་ལ་གནོད་སྐྱོན་ཐེབས་ཡོད་སྟབས། ད་ལྟའི་བར་མི་གྲངས་ཁྲི་ ༩༥༠༠༠ ལྷག་ཛ་དྲག་གི་ངང་ནས་གནས་སྤོས་དགོས་ཁེལ་ཡོད་པ་དང་། ཉུང་མཐར་རྒྱ་སྒོར་དུང་ཕྱུར་ ༥༣ ལྷག་གི་དཔལ་འབྱོར་གྱི་གྱོང་གུན་ཐེབས་ཡོད་འདུག

རྒྱ་ནག་དབུས་གནམ་གཤིས་བརྟག་དཔྱད་ཁང་གིས། ཁ་སང་ཤིན་ཅང་ལྷོ་རྒྱུད་ཀྱི་གཤོང་ས་དང་ནང་སོག་གི་ནུབ་ཕྱོགས། ཀན་སུའུ་ཡི་དཀྱིལ་དབུས་དང་མཚོ་སྔོན་གྱི་ནུབ་བྱང་ཁུལ་སོགས་སུ་ཐལ་རླུང་ཆེ་བའི་གནམ་གཤིས་བསྟན་ཡོད་པ་དང་། དེ་རིང་རྒྱ་ནག་བྱང་ཤར་ཁུལ་དུ་ཆར་པ་འབྲིང་ཙམ་འབབ་རྒྱུ་དང་། ཉིན་ཤས་རིང་སི་ཁྲོན་སོགས་ས་ཁུལ་ཁག་ཏུ་ཆར་པ་ཤུགས་ཆེན་འབབ་རྒྱུ་ཡིན་སྐོར་བསྒྲགས་འདུག

རྒྱ་ནག་གཞུང་གི་འབྲེལ་ཡོད་ལས་ཁུངས་ཁག་གི་སྔོན་བརྡ་ལྟར་ན། ད་ལོར་ཕྱི་ལོ་ ༡༩༩༨ ལོར་འབྲི་ཆུའི་ཆུ་ལོག་གི་གནོད་སྐྱོན་ལྟ་བུ་ཞིག་འབྱུང་བའི་ཉེན་ཁ་ཆེན་པོ་ཡོད་སྐོར་བསྒྲགས་འདུག་ལ། ཕྱི་ལོ་ ༡༩༩༨ ལོར་རྒྱ་ནག་གི་ཞིང་ཆེན་དང་གྲོང་ཁྱེར་ཁག་ ༢༩ ནང་འབྲི་ཆུའི་ཆུ་ལོག་གི་གནོད་སྐྱོན་ཆེན་པོ་བྱུང་སྟེ། ཉུང་མཐར་མི་གྲངས་ ༤༡༥༠ ཡི་ཚེ་སྲོག་ཤོར་ཡོད་པ་དང་། དཔལ་འབྱོར་ཐད་རྒྱ་སྒོར་དུང་ཕྱུར་ ༢༥༥༡ གི་གྱོང་གུན་ཕོག་ཡོད་པ་རེད།

བོད་ཀྱི་དུས་བབ་ལས་དྲངས། 

ཐེངས་ 42259 བཀླགས་འདུག