གནམ་གཤིས་འགྱུར་ལྡོག་ནི་འཆི་གསོན་གྱི་གནད་དོན་ཞིག་རེད།
གོ་ལའི་གནམ་གཤིས་ཚ་དྲོད་འགྱུར་ལྡོག་གི་ཚོགས་འདུ་ཐེངས་ ༢༤ པའི་ཐོག་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་གནམ་གཤིས་ཚ་དྲོད་ནི་མི་སྒེར་དང་རྒྱལ་ཁབ་གཅིག་གཉིས་ཤིག་གི་དཀའ་ངལ་མ་ཡིན་པར་འགྲོ་བ་མི་ཀུན་གྱིས་བཟོས་པ་ཞིག་ཡིན་སྟབས་ཚང་མའི་འགན་འཁུར་རྒྱུ་གལ་ཆེན་ཡིན་སྐོར་གྱི་གསུང་འཕྲིན་བསྩལ།
༢༠༡༨ ཟླ་ ༡༢ ཚེས་ ༣ ནས་ ༡༤ བར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གོ་ལའི་གནམ་གཤིས་ཚ་དྲོད་འགྱུར་ལྡོག་ཚན་པའི་གོ་སྒྲིག་འོག ཡུ་རོབ་རྒྱལ་ཁབ་པོ་ལན་ཌིའི་གོ་ཊོ་ཝི་སི་(Katowice)གྲོང་ཁྱེར་གྱི་རྒྱལ་སྤྱིིའི་ཚོམས་ཁང་ཆེན་མོའི་ནང་ཕྱི་ལོ་ ༢༠༡༨ ལོའི་གོ་ལའི་གནམ་གཤིས་ཚ་དྲོད་འགྱུར་ལྡོག་གི་ཚོགས་ཆེན་ཐེངས་ ༢༤ པ་ཚོགས་བཞིན་ཡོད་པ་དང་། ཚོགས་འདུའི་ཐོག་འཛམ་གླིང་རྒྱལ་ཁབ་ཁག་ ༡༩༠ ཙམ་གྱི་ཆབ་སྲིད་མི་སྣ་དང་། གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་གི་སྐུ་ཚབ། ཚན་རྩལ་རིག་པའི་སྡེ་ཁག དེ་བཞིན། ཚོང་ལས་རིག་པ་བ་སོགས་ཁྱོན་མི་གྲངས་ཁྲི་ ༢ ཙམ་འཛོམས་ཡོད་པ་དང་། འདི་ལོའི་གོ་ལའི་གནམ་གཤིས་ཚ་དྲོད་འགྱུར་ལྡོག་གི་ཚོགས་འདུའི་ཐོག་གཙོ་བོ་སྐུ་ཚབ་ཁག་བར་བསམ་ཚུལ་བརྗེ་རེས་བྱས་ཏེ་སྲིད་གཞུང་ཁག་གིས་ཧྥ་རན་སིའི་གོ་ལའི་གནམ་གཤིས་གྲོས་ཆོད་ཇི་ལྟར་ལག་བསྟར་བྱེད་ཕྱོགས་ལ་གཅིག་གྱུར་དང་ཡོངས་ཁྱབ་རང་བཞིན་དགོས་སྐོར་ལ་ཤུགས་རྒྱག་རྒྱུ་ཡིན་པ་དང་།ཚོགས་འདུའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་ཁོར་ཡུག་ཚན་པའི་འགན་འཛིན་འཛམ་ལྷ་བསྟན་པ་རྒྱལ་མཚན་ལགས་མཉམ་ཞུགས་ཀྱིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་གསུང་འཕྲིན་སྒྲོག་སྦྱངས་ཞུས་ཡོད་འདུག
ཐེངས་འདིའི་གོ་ལའི་གནམ་གཤིས་ཚ་དྲོད་ཚོགས་འདུའི་སྟེང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་བསྩལ་བའི་གསུང་འཕྲིན་ནང་། ངོས་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གོ་ལའི་གནམ་གཤིས་ཚ་དྲོད་འགྱུར་ལྡོག་གི་ཚོགས་འདུ་ཐེངས་ ༢༤ ཐོག་ཕེབས་པའི་སྤུན་ཟླ་རྣམས་དང་། དེ་བཞིན་སྐུ་ཚབ་རྣམ་པ་བཅས་ལ་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ་ཡི་ཡོད། ཁྱེད་རྣམ་པས་དཀའ་ངལ་འཛེམས་མེད་ཐོག་མ་འོངས་པའི་མི་རབས་གསར་པ་ཚོའི་ཆེད་དུ་འཛམ་གླིང་འདི་ཁོར་ཡུག་བཟང་པོ་ཞིག་ཏུ་བསྒྱུར་ཐབས་སུ་འབད་བརྩོན་ངལ་མེད་གནང་བར་ངོས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ངོས་སྐྱེས་ས་ནི་འཛམ་གླིང་གི་ཡང་རྩེ་སྟེ། ཨེ་ཤ་ཡའི་ཆུ་བོ་ཆེན་པོ་ཁག་གི་འབྱུང་ཁུངས་དང་འཛམ་གླིང་གི་རི་བོ་མཐོ་ཤོས་ཁག་ཡོད་སའི་གནས་ཤིག་ཡིན་སྟབས། ཆུང་དུས་ནས་རང་བྱུང་ཁམས་ལ་དགའ་པོ་ཡོད་ལ་ཁོར་ཡུག་སྲུང་སྐྱོབ་གནང་རྒྱུ་ནི་ངོས་ཀྱི་མི་ཚེའི་དམ་བཅའ་གཅིག་ཡིན་པས། ངོས་ས་ཆ་གང་དུ་སོང་ཡང་ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་འགུལ་བ་ཞིག་བྱས་ཏེ་འགྲོ་ཡི་ཡོད། ཅེས་གསུངས་འདུག
ཡང་གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་གོ་ལའི་གནམ་གཤིས་ཚ་དྲོད་ནི་ང་ཚོ་ཐུན་མོང་གི་དཀའ་ངལ་ཞིག་ཡིན་སྐོར་ལ་བཀའ་སློབ་སྩལ་དོན། དུས་རབས་གསར་པའི་ནང་འཕྲུལ་ཆས་ཡར་རྒྱས་གང་འཚམ་ཕྱིན་ཡོད་ནའང་། དེའི་ལྷན་དུ་ང་ཚོས་དཀའ་ངལ་ཡང་མང་པོ་ཞིག་བཟོས་ཡོད། ཆེད་ལས་མཁས་པ་མང་པོ་ཞིག་གིས་གོ་ལའི་གནམ་གཤིས་ཚ་དྲོད་རྒྱས་བཞིན་པའི་དཀའ་ངལ་ནི་མི་རང་གིས་བཟོས་པ་རེད་ཅེས་བཤད་ཀྱི་ཡོད་པ་ལྟར། དོན་དངོས་ཐོག་ང་ཚོ་སོ་སོས་བཟོས་བའི་དཀའ་ངལ་ཇེ་ཉུང་དུ་གཏོང་ཐབས་དང་མཐར་རྩ་མེད་བཟོ་དགོས་པའི་འོས་འགན་དེ་ང་ཚོ་ཚང་མ་ལ་ཡོད་པ་རེད། གནམ་གཤིས་འགྱུར་ལྡོག་འགྲོ་ཡི་ཡོད་པ་ནི་རྒྱལ་ཁབ་གཅིག་གཉིས་ཤིག་གི་དཀའ་ངལ་མ་རེད། དེ་ནི་འགྲོ་བ་མིའི་རིགས་དང་སའི་གོ་ལའི་ཐོག་གནས་པའི་སྲོག་ཡོད་སེམས་ཅན་ཚང་མར་ཤུགས་རྐྱེན་ཐེབས་པའི་གནད་དོན་ཞིག་ཡིན་པ་མ་ཟད། སའི་གོ་ལ་ནི་ང་ཚོ་གནས་སའི་ཁྱིམ་ཚང་གཅིག་པོ་དེ་རེད། གལ་སྲིད་གོ་ལའི་ཚ་དྲོད་རྒྱས་པ་དང་རང་བྱུང་ཁོར་ཡུག་གི་རྒྱུ་རྐྱེན་སྣ་ཚོགས་འོག སའི་གོ་ལ་རང་འཇགས་སུ་གནས་མ་ཐུབ་ཚེ། ང་ཚོ་གནས་ས་སའི་གོ་ལ་འདི་ལས་གཞན་མེད་པ་རེད། དེར་བརྟེན། ང་ཚོས་ཁོར་ཡུག་སྲུང་སྐྱོབ་ཀྱི་གནད་དོན་འདི་གནད་འགག་ཅིག་ཏུ་རྩིས་ཏེ། གོ་ལ་སྤྱིའི་ཚ་དྲོད་རྒྱས་བཞིན་པར་བཟང་ཕྱོགས་ཀྱི་ཐག་གཅོད་ཅིག་ངེས་པར་དུ་ལེན་དགོས་ཀྱི་འདུག ཅེས་གསུངས་འདུག
མཇུག་ཏུ། ད་ལྟའི་དུས་སྐབས་འདིར་རྒྱལ་ཁབ་དང་གླིང་ཕྲན་ཞེས་ཁེར་རྐྱང་གི་བསམ་བློ་གཏོང་བའི་དུས་ཚོད་མིན་པར་གོ་ལ་གཅིག་གྱུར་ལ་བསམ་བློ་གཏོང་དགོས་པའི་སྐོར་ལ་མགོན་པོ་གང་ཉིད་ཀྱིས། ང་ཚོས་བར་སྣང་ནས་བླངས་པའི་སའི་གོ་ལའི་པར་རིས་མཐོང་སྐབས། ལྗང་མདོག་གི་སའི་གོ་ལ་གཅིག་ཡིན་པ་ལས་ང་ཚོའི་བར་ས་མཚམས་མེད་པ་མཐོང་གི་ཡོད་པ་རེད་ལ། ད་ལྟའི་དུས་འདིར་ངའི་རྒྱལ་ཁབ་དང་ང་ཚོའི་གླིང་ཕྲན་ཞེས་ཁེར་རྐྱང་གི་བསམ་བློ་གཏོང་བའི་དུས་ཤིག་མ་རེད། ད་ལྟ་ང་ཚོ་འགྲོ་བ་མི་གཅིག་གྱུར་ཡིན་པའི་འདུ་ཤེས་བཟུང་སྟེ་གོ་ལ་སྤྱིའི་བདེ་སྡུག་ལ་འགན་འཁུར་དགོས་པའི་དུས་ཤིག་ཆགས་བསྡད་ཡོད། ངོས་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོར་ཡུག་སྲུང་སྐྱོབ་ཚན་པས་འབད་བརྩོན་ལྷོད་མེད་ངང་གནམ་གཤིས་འགྱུར་ལྡོག་གི་དཀའ་ངལ་ཇེ་ཉུང་དུ་གཏོང་ཐབས་བྱེད་བཞིན་པར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་ལྷག་དོན་ད་རེས་ཚོགས་འདུར་ལམ་ལྷོང་ཡོང་བའི་རེ་སྨོན་ཡོད། ཅེས་གསུངས་ཡོད་འདུག
གཞན་ཡང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་གོ་ལའི་གནམ་གཤིས་ཚ་དྲོད་ལྟ་ཞིབ་ཚོགས་པའི་སྤྱི་ཁྱབ་འགན་འཛིན་པེ་ཊི་རི་ཁ་ཨསི་ཕེ་ནོ་སྰ་(Patricia Espinosa)ལགས་ཀྱིས། འདི་ལོར་ལོ་རྒྱུས་ནང་གནད་དོན་ ༤ ཚབས་ཆེ་བའི་དུས་སུ་བསླེབས་ཡོད་པ་ནི། བར་སྣང་གི་དྲོད་རླངས་སྲེག་ཁང་ཁག་ཇེ་མང་དུ་ཕྱིན་པ་དང་། དུག་རླངས་ཀྱི་ཚད་གཞི་མུ་མཐུད་འཕར་གྱི་ཡོད་པ། གནམ་གཤིས་འགྱུར་ལྡོག་གི་གནས་སྟངས་ཇེ་སྡུག་ཏུ་ཕྱིན་ཡོད་པ་སོགས་དོན་དངོས་ཐོག་ང་ཚོས་མང་པོ་ཞིག་སྒྲུབ་དགོས་པ་ལྷག་ཡོད་སྟབས། ད་རེས་གོ་ལའི་གནམ་གཤིས་གྲོས་ཆོད་ཀྱི་ཚོགས་འདུའི་སྟེང་གོང་ནས་བཤད་པའི་དཀའ་ངལ་ཁག་སེལ་བར་ལག་ལེན་བྱེད་རན་ཡིན་སྐོར་གསུངས་ཡོད་པ་དང་། དེ་བཞིན་དབྱིན་ཡུལ་གྱི་མཁས་པ་སར་ཌེ་ཝི་ཌི་ཨ་ཊན་བྷ་རོ་ཧྥི་(Sir David Attenborough)ལགས་ཀྱིས། ད་ལྟ་ང་ཚོར་འཕྲད་བཞིན་པའི་དཀལ་ངལ་ནི་མིས་བཟོས་པའི་ཆགས་འཇིག་ཅིག་རེད་ལ། གནམ་གཤིས་འགྱུར་ལྡོག་ནི་ལོ་ངོ་སྟོང་ཕྲག་རིང་གི་ང་ཚོའི་དཀའ་ངལ་ཆགས་ཀྱི་ཡོད་པ་རེད། ཅེས་བརྗོད་ཡོད་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་ཨན་ཊོ་ནོ་གྷ་ཊར་སི་ལགས་ཀྱིས་རྒྱལ་ཁབ་མང་པོ་ཞིག་ལ་མཚོན་ན་གནམ་གཤིས་འགྱུར་ལྡོག་ནི་འཆི་གསོན་གྱི་གནད་དོན་ཆགས་ཡོད། ཅེས་བརྗོད་ཡོད་འདུག
མཉམ་འབྲེལ་རྒྱལ་ཚོགས་ཀྱི་གོ་ལའི་གནམ་གཤིས་གྲོས་ཆོད་ནི་ཕྱི་ལོ་ ༡༩༩༢ ལོར་ཐོག་མར་སའི་གོ་ལའི་ཚོགས་འདུ་ཞེས་གཏན་འབེབས་བྱས་ཡོད་པ་དང་། ཁ་སང་དེ་རིང་གྲོས་ཆོད་འདིར་འཛམ་གླིང་རྒྱབ་ཁབ་ ༡༩༧ མཉམ་ཞུགས་ཀྱིས་མིའི་ལས་རིགས་འདྲ་མིན་གྱིས་རྐྱེན་པས་གོ་ལའི་ཚ་དྲོ་རྒྱས་བཞིན་པ་བཏང་སྙོམས་ཡོང་ཆེད་བར་སྣང་ཁམས་གཙང་བཟོའི་དྲོད་རླངས་སྲེག་ཁང་གཏན་འཇོག་བྱེད་པར་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་རེད། ཕྱི་ལོ་ ༢༠༡༧ ལོའི་རྒྱལ་ཚོགས་ཀྱི་གོ་ལའི་ཚ་དྲོའི་གྲོས་ཆོད་ཚོགས་འདུ་ཐེངས་ ༢༣ པ་ནུབ་འཇར་མན་གྱི་གྲོང་ཁྱེར་བྷོན་ཞེས་པར་ཚོགས་ཡོད་པ་དང་། སྐབས་དེར་དོན་ཚན་ཁག་ཅིག་གི་ཐདཞིག་གི་ཐད་ཨ་རི་གཙོའི་རྒྱལ་ཁབ་ཁག་ཅིག་གིས་ཁས་ལེན་མ་བྱས་པར་གྲོས་ཆོད་སོགས་གང་ཡང་འཇོག་མ་ཐུབ་པར་གྲོལ་ཡོད་པ་དང་། བརྒྱུད་ལམ་ཁག་གི་གནས་ཚུལ་ནང་། ན་ནིང་ཕྱི་ཟླ་ ༦ པའི་ཚེས་ ༡ ཉིན་ཨ་རིའི་སྲིད་འཛིན་ཊོམ་ཕུས། ཕྱི་ལོ་ ༢༠༡༥ ལོའི་པེ་རི་སི་གོ་ལའི་གནམ་གཤིས་ཚ་དྲོད་གྲོས་ཆོད་འོག ཨ་རིས་དུག་རླངས་ཉུང་ཉུང་ཞིག་ལས་འདོན་གྱི་མེད་ནའང་། གོ་ལའི་གནམ་གཤིས་ཚ་དྲོད་བཏང་སྙོམས་ཆེད་འགྲོ་གྲོན་མང་ཤོས་གཏོང་དགོས་ཀྱི་ཡོད་པ་དེས་ཨ་རིའི་དཔལ་འབྱོར་ལ་གྱོང་གུད་གཏོང་གི་ཡོད་པར་བརྟེན། ཨ་རིའི་ངལ་རྩོལ་མི་མང་དང་ཚོང་གཉེར་བ་ཚོའི་ཁེ་སྤོགས་སྲུང་སྐྱོབ་ཆེད་ཨ་རི་གྲོས་ཆོད་དེ་ལས་ཕྱིར་འཐེན་བྱེད་རྒྱུ་ཡིན་སྐོར་བརྗོད་ཡོད་པ་དང་། གལ་སྲིད་མ་འོངས་པར་ཨ་རི་གོ་ལའི་གནམ་གཤིས་ཚ་དྲོད་ཀྱི་གྲོས་ཆོད་ནང་མ་ཞུགས་པ་ཡིན་ན་དཀའ་ངལ་འཕྲད་སྲིད་སྐོར་གླེང་གི་ཡོད་ནའང་། ད་རེས་ཚོགས་འདུའི་ཐོག་སྐུ་ཚབ་ཁག་ཅིག་གིས་གོ་ལའི་གནམ་གཤིས་གྲོས་ཆོད་ནི་མི་སྒེར་དང་སྲིད་གཞུང་གཅིག་གི་དཀའ་ངལ་མ་ཡིན་པར་ད་ལྟ་ཛ་དྲག་ཏུ་གྱུར་ཡོད་པའི་སའི་གོ་ལ་ཧྲིལ་བོའི་དཀའ་ངལ་ཞིག་ཡིན་སྟབས། ཨ་རིས་གོ་ལའི་གནམ་གཤིས་ཚ་དྲོད་ལ་སྣང་མེད་གཏོང་ཐུབ་ཀྱི་མེད་སྐོར་སོགས་བརྗོད་བཞིན་ཡོད་འདུག
source:http://tibettimes.net
ཐེངས་ 42325 བཀླགས་འདུག