སྦྲུལ་རིགས་ངོ་སྤྲོད།
སྦྲུལ་ནི་ལྟོ་འགྲོ་རིགས་ཀྱི་ཁོངས་སུ་གཏོགས་པ་དང༌། རྒྱུན་དུ་ཚ་དྲོད་ཆེ་སར་ཤིང་ནགས་དང༌། རྩ་གསེབ་སོགས་སུ་འཚོ་གནས་བྱེད་བཞིན་ཡོད། སྦྲུལ་ལ་རིགས་མི་འདྲ་བ་མང་པོ་ཡོད་པས། ཚན་རིག་པས་བཤད་སྲོལ་ལྟར་ན་སྦྲུལ་རིགས་མི་འདྲ་བ་ ༢༥༠༠ ཙམ་ཡོད་པར་བཤད།
ཡིན་ནའང་ང་ཚོ་བོད་པའི་བཤད་སྲོལ་བྱས་ན་སྨན་སྦྲུལ་དང༌། དུག་སྦྲུལ། ལྕགས་སྦྲུལ། གཡུ་སྦྲུལ། གསེར་སྦྲུལ། སྦྲུལ་ཆེན། ཐག་སྦྲུལ། ཆུ་སྦྲུལ་སོགས་བརྩི་ཡི་ཡོད་པ་དང༌། སྦྲུལ་གྱི་ལུས་རིང་ཚད་ཅི་ཡང་ཡོང་གི་ཡོད་པ་དང༌། དཔེར་ན་སྨན་སྦྲུལ་ལྟ་བུ་ལ་ལུས་ཀྱི་རིང་ཚད་ལ་མི་ཊར་ ༡་༧ ཙམ་དང༌། ལུས་གྱི་ཁ་དོག་ལྗང་སེར། ལྟོ་ངོས་དང་མཆུ་སེར་པོ། མཇུག་མ་སེར་སྐྱ་ཡིན། སྦྲུལ་གྱི་རིགས་ལ་དུག་ཅན་དང་དུག་མེད་གཉིས་ལས་སྨན་སྦྲུལ་ནི་དུག་མེད་པའི་རིགས་ཡིན།
སྦྲུལ་འདི་རིགས་གནས་ཡུལ་ཁང་པའི་ནང་དང༌། རྩིག་ཁུང་སོགས་སུ་ཡིབ། ཁ་ཟས་གཙོ་བོ་བྱི་བ་དང་བྱིའུ་རིགས་བཟའ་ཡི་ཡོད། སྦྲུལ་ཆེན་ཚ་དྲོད་ཆེ་བའི་སར་འཚོ་གནས་གཙོ་བོ་བྱེད་བཞིན་ཡོད་པ་དང༌། སྦྲུལ་ཆེན་རིང་ཚད་ལ་ཕི་ཊི་ ༤་༦ ཙམ་ཡོད། ལུས་སྦོམ་ཞིང་གཟུགས་སྟོབས་ཆེ། ལུས་ཀྱི་མདོག་ནི་ཁམ་སེར་ཡིན་ཞིང་ལྟོ་བ་དཀར་པོ་ཡིན། སྦྲུལ་འདི་མང་ཆེ་བ་ནགས་ཚལ་སྟུག་པཱུའི་ནང་གི་ཤིང་སྡོང་གི་ཡལ་ཕྲན་ཐོག་སྡོད་ཀྱི་ཡོད།
འགྲོ་སྐྱོད་སྐབས་ཧ་ཅང་མགྱོགས་ཤིང་ལུས་པོ་བདེ་འཁྱུག་དོད་ལ་རྫི་སངས་གྲུང་གསུམ་ལྡན། ལྗིད་ཚད་སྤྱི་རྒྱ་བཅུ་ཡས་མས་ཡོད་པ་དང༌། སྲོག་ཆགས་ཆུང་རིགས་ཁྱུར་མིད་གཏོང་ཐུབ། གཙོ་བོར་བྱ་རིགས་དང༌། བྲ་བྱིའི་རིགས། སྐམ་གཤེར་གཉིས་ཀར་གནས་པའི་ལྟོ་འགྲོ་འབུ་སྲིན་རིགས་ལ་འཚོ་རྟེན་བྱེད་ཀྱི་ཡོད། སྦྲུལ་ཆེན་ལ་དུག་ཡོད་མེད་ཀྱི་རིགས་གཉིས་བརྩི་སྲོལ་ཡོད་པ་དང༌། དུག་ཡོད་སྦྲུལ་ཆེན་ནི་ཆེས་ངར་སྡུག་ཆེན་པོ་ཡོད་པར་བཤད།
ལྕགས་སྦྲུལ་ནི་རྒྱུན་དུ་རི་ཁུལ་དང་བདེ་ཐང༌། ཆུ་འགྲམ་སོགས་ཀྱི་རྩྭ་གསེབ་རྣམས་སུ་སྡོད་པ་དང༌། སྐབས་རེ་མིའི་ཁྱིམ་དུ་འཛུལ་བཞིན་ཡོད་པ་དང༌། ལྕགས་སྦྲུལ་གྱི་ལུས་པཱུའི་རིང་ཚད་ཐད་ཕི་ཊི་ ༠་༣༠ ནས་ ༡་༦༠ བར་ཡོད། སྦྲུལ་འདིའི་མགོ་ཆུང་ཞིང་མཇུག་མ་ཕྲ་ལ་རྣོ་བ་དང་ལུས་ཀྱི་ཁ་མདོག་ནག་པོའམ་སྔོ་ནག་ཅན་ལ་ཐིག་ལེ་དཀར་པོ་ལྟ་བུ་ཡོད་ཅིང༌། ཐིག་ལེ་ཡང་གྲངས་མང་པོ་ཡོད། ལྕགས་སྦྲུལ་ནི་ལྕགས་ཀྱི་མདོག་དང་འདྲ་ཤས་ཆེ་ཙམ་ཡོད་པས་འདྲ་བ་རྒྱུ་མཚན་དུ་བྱས་ནས་ལྕགས་སྦྲུལ་ཞེས་མིང་བཏགས་པར་སྣང༌། སྦྲུལ་འདི་དུག་ཡོད་པའི་རིགས་ཤིག་ཡིན་ཞིང་གཟུགས་དབྱིབས་སྦྲུལ་གཞན་ལས་ཅུང་ཆུང་བ་ཡོད།
གཡུ་སྦྲུལ་ལུས་ཀྱི་རིང་ཚད་ལ་མི་ཊར་ ༡ ཙམ་ཡོད་པ་དང༌། ལུས་ཀྱི་ཁ་དོག་ལྗང་གུ་ཤིང་གི་ལོ་མའི་མདོག་ལྟར་ཡོད། ལྟོ་བ་ལྗང་སེར་ཡིན། ཟས་སུ་གཙོ་བོ་འབུ་སྲིན་རིགས་བཟའ། རང་གཤིས་བཟང་ལ་དུག་མེད་པའི་རིགས་ཤིག་ཡིན། རྒྱུན་དུ་ནགས་ཚལ་དང༌། ཤིང་ཕྲན་གསེབ་ཏུ་འཚོ་སྡོད་བྱེད།
གསེར་སྦྲུལ་རིགས་ལ་ལུས་ཀྱི་རིང་ཚད་མི་ཊར་ ༡་༨ ཙམ་ཡོད་པ་དང༌། ལུས་ཀྱི་མདོག་སེར་སྨུག་དང༌། ལྟོ་ངོས་སེར་པོ་ཡིན། གནས་ཡུལ་ས་མཐོ་དང་ཐང་དཀྱིལ་སོགས་སུ་འཚོ་གནས་བྱེད། རང་གཤིས་རྩུབ་ལ་བདེ་ལྕག་འཁྱུག་པོ་ཡོད། དུག་ཡོད་མེད་རིགས་གཉིས་ཡོད། ཟས་སུ་གཙོ་བོ་འབུ་སྲིན་དང༌། བྱ་རིགས་ཀྱི་སྒོ་ང༌། བྲ་བྱི། མཚམས་རེ་རང་ཉིད་ཀྱི་སྦྲུལ་ཕྲུག་སོགས་བཟའ་ཡི་ཡོད།
ཆུ་སྦྲུལ་མང་ཆེ་བ་ཆུ་ནང་ཞི་བདེ་རྒྱ་མཚོ་དང༌། རྒྱ་གར་རྒྱ་མཚོ་སོགས་སུ་གནས་ཀྱི་ཡོད་པ་དང༌། ལུས་ཀྱི་རིང་ཚད་ལ་མི་ཊར་ ༡་༥ ཙམ་ཡོད་པ་དང༌། རིང་ཤོས་ལ་མི་ཊར་ ༢ ལྷག་ཙམ་བྱས་པ་ཡོད། ཟས་སུ་ཆུ་གནས་སྲོག་ཆགས་རིགས་བཟའ།
པེ་ཐོན་ཟེར་བའི་སྦྲུལ་ཞིག་ཡོད་པས་དེ་སྦྲུལ་ཆེས་ཆེ་ཤོས་གྲས་སུ་བརྩི་ཡི་ཡོད། ལུས་ཀྱི་རིང་ཚད་ལ་མི་ཊར་ ༡༠ ཙམ་ཡོད་པ་དང༌། ལྗིད་ཚད་ལ་སྤྱི་རྒྱ་ ༡༤༠ ཙམ་ཡོད། སྦྲུལ་འདི་རིགས་མང་ཆེ་བ་ཨེ་ཤི་ཡ་དང༌། ཨོ་སི་ཊི་ལི་ཡ། ལྷོ་ཨ་ཧཕི་རི་ཁ་སོགས་སུ་ཡོད། སྤྱིར་ཨེ་ཤི་ཡའི་ནང་སྦྲུལ་ཆེ་ཤོས་རིགས་ལ་མི་ཊར་ ༡༠ ལྷག་ཅན་ཡོད་ཀྱང༌། རྒྱ་གར་ལྟ་བུ་སྦྲུལ་མང་བའི་ས་ཆར་སྦྲུལ་རིགས་ནང་ནས་ཆེ་ཤོས་སུ་བརྩི་བའི་པེ་ཐོན་ཟེར་བ་དེ་མི་ཊར་ ༧་༥ ལྷག་ཅན་མ་གཏོགས་མེད་པར་བཤད།
འཛམ་གླིང་ནང་སྦྲུལ་གཟུགས་དབྱིབས་དང་སྟོབས་རྩལ་ཆེ་ཤོས་གྲས་ཡིན་པ་ཞིག་ལྷོ་ཨ་མི་རི་ཁ་གླིང་ཆེན་དུ་ཡོད་ཅིང༌། སྦྲུལ་དེའི་མིང་ལ་ཨེ་ན་ཁོ་ཌ་ཞེས་འབོད་ཀྱི་ཡོད་པ་དང༌། རིང་ཚད་ལ་མི་ཊར་ ༦ དང༌། ལྗིད་ཚད་ལ་སྤྱི་རྒྱ་ ༡༠༧ ཡོད་པ་རེད། དེའི་ཉེ་རིགས་ཤིག་ཚོས་མདོག་སེར་པོ་ཅན་ཞིག་ཡོད་པ་དེའི་གཟུགས་སྟོབས་ཅུང་ཆུང་བ་ཡོད་པ་རེད། སྦྲུལ་འདི་རིགས་མང་བ་གཙང་ཆུའི་ཉེ་འགྲམ་དུ་འཚོ་གནས་བྱེད་ཅིང༌། སྐྱེ་འཕེལ་བྱེད་སྟངས་ནི་མངལ་སྐྱེས་ཡིན་པ་རེད།
ཡིན་ནའང་སྦྲུལ་རིགས་གཞན་མང་ཆེ་བ་སྒོང་སྐྱེས་ཡིན་ཞིང་སྐྱེ་ཐེངས་གཅིག་ལ་སྒོ་ང་བརྒྱ་ཙམ་ཡང་སྐྱེ་འཕེལ་བྱེད་བཞིན་ཡོད། སྦྲུལ་གྱི་ཚེ་ཚད་ནི་ལོ་ ༣༠ ཙམ་ཡིན། སྦྲུལ་རིགས་རྣམས་ཞེ་སྡང་ཆེ་ཞིང༌། ནང་ཆོས་ལས་ཉོན་མོངས་དུག་གསུམ་གྱི་དཔེ་མཚོན་ནང་སྦྲུལ་ནི་ཞེ་སྡང་གི་དཔེ་མཚོན་དུ་བཀོད་ཡོད་པ་རེད། དུག་སྦྲུལ་ལྟ་བུ་ཡིན་ན་མི་ལ་སོ་བརྒྱབ་ཚེ་མི་ཤི་བའི་གནས་ཚུལ་སོགས་མང་པོ་ཡོང་གི་ཡོད། སྦྲུལ་མང་ཆེ་བ་ཁ་ལ་ལྕེ་གཉིས་ཡོད་པས་དེ་ལ་སྨན་ལྕེ་དང༌། དུག་ལྕེ་ཟེར་དབྱེ་བ་འབྱེད་སྲོལ་ཡོད།
སྦྲུལ་གྱི་པགས་པའི་ལྷམ་དང་ཁུག་མ་སོགས་བཟོ་བྱེད་དར་སྲོལ་ཆེན་པོ་ཡོད་པ་དང༌། རྒྱ་གར་ལྟ་བུར་མཚོན་ན། ཕྱི་ལོ་ ༡༩༧༧ ཡས་མས་ལ་སྦྲུལ་ལྤགས་ས་ཡ་བཞི་ལྷག་ཙམ་ཕྱིར་ཚོང་བྱས་ཡོད་པ་དང༌། ད་ལྟའི་ཆར་ཚང་མ་ཁྲིམས་འགལ་དུ་བརྩིས་ནས་ཉོ་ཚོང་བྱེད་ཆོག་གི་མེད། ཕྱི་ལོ་ ༡༩༧༧ ལོར་ལྟོ་འགྲོའི་སྲོག་ཆགས་སྦྲུལ་དང༌། ཆུ་སྲིན་གྱི་ལྤགས་པའི་རིགས་ཕྱིར་ཚོང་བྱས་ཏེ་ཨ་སྒོར་ས་ཡ་དྲུག་ཅུ་ཙམ་ཡོང་འབབ་བྱུང་ཡོད་འདུག དེར་བརྟེན་སྦྲུལ་རིགས་མི་འདྲ་བ་རིགས་མང་པོ་སྟོངས་ལ་ཉེ་བའི་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་ཀྱི་གྲས་སུ་ངོས་འཛིན་དང་འབྲེལ་རྒྱལ་སྤྱིའི་ནང་ཉོ་ཚོང་བཀག་སྡོམ་བྱས་དང་བྱེད་བཞིན་ཡོད་པ་རེད།།
སྦྲུལ་རིགས་ཀྱི་དཔྱད་གཞིའི་ཡིག་ཆ།
1 འཁྲུངས་དཔེ་དྲི་མེད་ཤེལ་གྱི་མེ་ལོང༌། ཆབ་མདོ་སྨན་རྩིས་ཁང༌། ༢༠༠༢P.381-383
2 Microsoft Encarta Reference Library 2006
ཐེངས་ 42377 བཀླགས་འདུག