རྒྱ་ནག་ནང་ལྷགས་པའི་སྟག་གི་དོན་རྐྱེན།
ཕྱི་ལོ་ ༢༠༠༦ ལོར་རྒྱལ་སྤྱིའི་སེམས་ཅན་བདེ་དོན་ཐེབས་རྩ་ཁང་གྲཁྲརྐྱཇགིས་རྒྱ་ནག་ནང་སྟག་གི་གནས་སྟངས་སྐོར་ལ་རྒྱ་ནག་ནས་བཟོས་པ་ཞེས་པའི་སྙན་ཐོ་ཞིག་བཏོན་པའི་ནང༌། ཕྱི་ལོ་ ༡༩༩༣ ལོར་རྒྱ་ནག་མངའ་སྡེའི་གྲོས་ཚོགས་ཀྱིས་བརྡ་ཁྱབ་ཅིག་བཏང་ནས་སྟག་གི་རུས་པ་ཉོ་ཚོང་དང་རྒྱ་ནག་གི་སྲོལ་རྒྱུན་སྨན་རྫས་དང་ཐོན་རྫས་བེད་སྤྱོད་བྱ་རྒྱུ་མཚམས་འཇོག་བྱ་དགོས་པའི་བཀའ་རྒྱ་བཏང་སྟེ་ཁྲིམས་འགལ་གྱིས་སྟག་གི་རུས་པས་སྨན་གྱི་བཟོ་གྲྭ་སོགས་ནང་ཐོན་རྫས་ཆེད་ཐོན་སྐྱེད་བྱེད་པར་མཚམས་འཇོག་དང་འབྲེལ། དེ་དག་ཁྲིམས་འགལ་དུ་བརྩིས་ཏེ་སྟག་རུས་བེད་སྤྱོད་མཚགས་འཇོག་བྱས་པ་ཡིན་ཞེས་སྨན་པ་དང༌། ཞིབ་འཇུག་པ། ཤེས་ཡོན་ཅན་སོགས་ཀྱིས་ཁ་གཅིག་གྲགས་བྱས་ཏེ་བཤད་ཡོད་པ་རེད། ཡིན་ནའང་རྒྱ་ནག་ལ་གཅན་གཟན་ཁང་དང་རི་སྐྱེས་སྲོག་ཆགས་ཀྱི་སྤྱི་གླིང༌། སྟག་གསོ་ཉར་ཁང་ཆེས་མང་པོ་ཡོད་པའི་ནང་སྟག་དེ་ཚོ་རྒྱུན་དུ་གསོ་ཉར་བྱེད་སྟངས་ཆེས་སྐྱོ་པོ་དང་གནས་སྟངས་སྐྱུག་བྲོ་པོ་ཡོད་ཅིང༌། སེམས་ཅན་དེའི་རིགས་བདག་ཡོད་དང་བདག་མེད་གཉིས་ཀའི་ཆ་ཤས་ཉོ་ཚོང་བཀག་སྡོམ་བྱས་ཡོད་ནའང་ཁྲོམ་རྭར་སྟག་གི་རུས་པས་བཟོས་པའི་ཆང་ཕྱི་རྒྱལ་ཡུལ་སྐོར་བ་རྣམས་ལ་བཙོང་གི་ཡོད་པ་མ་ཟད། ཆང་གི་ཤེལ་དམ་སྒང་ལ་ཕྱི་རྒྱལ་གྱི་ཡི་གེའི་ཐོག་འབྲེལ་བཤད་དང་གོང་ཚད་སོགས་ཡོད་པ་རེད།
དེ་བཞིན་ཕྱི་ལོ་ ༡༩༩༧ ལོར་རྒྱ་ནག་དབུས་བརྙན་འཕྲིན་གསར་འགྱུར་ནང་ཧྲི་བྲིན་བདག་མེད་སེམས་ཅན་སྐྱེད་ཚལ་ཁང་ནས་ཁྲིམས་འགལ་སྟག་རུས་ཀྱིས་བཟོས་པའི་ཆང་ཡུལ་སྐོར་བ་དང་སྐྱེད་ཚལ་དེའི་ཕྱི་ཡི་ཟ་ཁང་ནང་འཚོང་གི་འདུག་ཅེས་ཕྱིར་བསྒྲགས་དང༌། ཕྱི་ལོ་ ༢༠༠༢ ཕྱི་ཟླ་ ༡༢ ནང་རྒྱ་ནག་གིས་ཐ་ལན་ཌི་ནས་སྟག་བརྒྱ་ཐམ་པ་ནང་འདྲེན་གྱིས་ཧེན་ནན་ཞིང་ཆེན་དུ་བདག་མེད་སེམས་ཅན་གྱི་སྐྱེད་ཚལ་ཁང་གསར་པ་ཞིག་ནང་གསོ་ཉར་བྱས་ཤིང༌། སྟག་དེ་ཚོ་དཔལ་འབྱོར་མཁོ་སྒྲུབ་ཆེད་དུ་མིན་ཚུལ་རྒྱ་ནག་བདག་མེད་སེམས་ཅན་ལས་ཁུངས་ནས་བཤད་ཡོད་ཅིང༌། བདག་མེད་སེམས་ཅན་སྐྱེད་ཚལ་ཁང་དེའི་མགྲིན་ཚབ་པས་གསལ་བསྒྲགས་ཤིག་བྱས་ཏེ་སྐྱེད་ཚལ་ཁང་ལ་སྟག་གི་གྲངས་འབོར་སྟོང་གཅིག་ཙམ་སྐྱེ་འཕེལ་ཡོང་བ་ཐབས་ཤེས་བྱས་ཏེ་དེ་ནས་ཚོང་ཤག་ཚོས་སྟག་ཤ་བྲོ་བ་བལྟ་ཆོག་གི་རེད་ཅེས་བཤད་ཡོད་པས། གནད་དོན་དེའི་ཐད་རྒྱལ་སྤྱིའི་སྟོངས་ལ་ཉེ་བའི་རི་སྐྱེས་སྲོག་ཆགས་དང་སྐྱེ་དངོས་་ཉོ་ཚོང་སྐོར་གྱི་ཆེས་མཐོའི་རྒྱུན་ལས་ལྷན་ཚོགས་ཐེངས་ ༥༠ པ་འཚོགས་སྐབས་བགྲོ་གླེང་གཙོ་བོ་བྱས་ཏེ་མི་འདོད་པའི་རྣམ་འགྱུར་དང་འབྲེལ་སྐྱོན་བརྗོད་ཤུགས་ཆེན་བྱས་ཡོད་པ་རེད།
ཕྱི་ལོ་ ༢༠༠༣ ལོར་རྒྱ་ནག་ཡུན་ནན་ལེན་ཧེ་སྨན་བཟོ་གྲྭས་གཞུང་ནས་བཀའ་ཁྲོལ་ཞུས་ཏེ་སྟག་གི་རུས་པའི་ཆང་ཁྲིམས་མཐུན་གྱི་ཐོན་སྐྱེད་བྱས་ཏེ་ཆང་དེ་ལ་ཤེད་སྐྱེད་པའི་ཆང་ཞེས་མིང་བཏགས་ཏེ་བརྒྱུད་ལམ་ཁག་ཏུ་ཁྱབ་བསྒྲགས་བྱས་ཡོད་འདུག ཕྱི་ལོ་ ༢༠༠༥ ཟླ་ ༡༠ པའི་ནང་ཕྱི་རྒྱལ་གསར་འགོད་པས་རྒྱ་ནག་ནང་སྟག་གི་གཟུགས་པོའི་ཆ་ཤས་ཉོ་ཚོང་བཀག་སྡོམ་བྱས་ཡོད་ནའང༌། དེའི་སྐོར་ཁྲིམས་ལུགས་ལྟར་ལག་བསྟར་བྱེད་ཀྱི་མེད་ལུགས་བཀོད་ཡོད་པ་དང༌།དེ་ལ་རྒྱ་ནག་མངའ་སྡེའི་ཤིང་ནགས་ལས་ཁུངས་ནས་གནས་ཚུལ་དེ་བདེན་པ་མིན་ལུགས་ཀྱི་གསལ་བསྒྲགས་དང་རྒྱ་ནག་ནས་སྟག་གི་གཟུགས་པོའི་ཆ་ཤས་ཉོ་ཚོང་བཀག་སྡོམ་མུ་འཐུད་ལག་བསྟར་བྱེད་བཞིན་ཡོད་ཚུལ་ལན་འདེབས་བྱས་ཡོད་པ་རེད། ཕྱི་ལོ་ ༢༠༠༦ ཟླ་ ༢ པའི་ནང་ཧྲང་ཧེ་བདག་མེད་སེམས་ཅན་སྐྱེད་ཚལ་ཁང་གཤེར་ཁུའི་བཟོ་གྲྭ་ཞིག་དང་མཉམ་འབྲེལ་གྱིས་སྟག་གི་རུས་པའི་བཟོས་པས་ཆང་ཐོན་སྐྱེད་བྱས་ཏེ་བཙོང་ཡོད་པ་དང༌། རྗེས་ནས་སྟག་གི་རུས་པ་ཕྱིར་བཙོང་བྱས་པའི་ཁུངས་སྐྱེལ་ར་སྤྲོད་བྱས་དུས་དེར་ཁྲིམས་འགལ་ཡིན་པ་ཧྲང་ཧེ་བདག་མེད་སེམས་ཅན་དོ་དམ་ལས་ཁུངས་ཀྱིས་གཞི་ནས་ངོས་ལེན་བྱས་ཡོད་འདུག
ཕྱི་ལོ་ ༢༠༠༦ ཟླ་ ༨ ཚེས་ ༢༥ ཉིན་རྒྱ་ནག་ཉིན་རེའི་གཞོན་ནུའི་གསར་འགྱུར་བརྒྱུད་ལམ་ནས་དངོས་ཡོད་ཀྱི་གནས་སྟངས་ཤིག་གནས་ཚུལ་སྤེལ་གསལ་ལྟར་ན། རྒྱ་ནག་ཀོང་ཤི་ཞིང་ཆེན་ཤོང་སེན་དོམ་དང་སྟག་གསོ་སྐྱོང་ཁང་གིས་མངོན་གསལ་དོད་པོས་ཁྲིམས་འགལ་གྱིས་སྟག་གི་རུས་པའི་ཆང་ཐོན་སྐྱེད་བྱས་ཏེ་ཆང་ཟོམ་ ༤༠༠ ཡོད་པ་འོག་ཤོད་ལ་ཉར་ཚགས་བྱས་ཡོད་པས་ཆང་ཟོམ་རེའི་ནང་སྟག་རེ་རེའི་རུས་པ་ཡོད་འདུག གསར་འགོད་པས་སྟག་གསོ་ཉར་ཁང་དེའི་ལས་བྱེད་ལ་སྐད་ཆ་དྲིས་སྐབས་གསོ་ཉར་ཁང་དེ་ལ་དམིགས་བསལ་མངའ་སྡེའི་ཤིང་ནགས་ལས་ཁུངས་ནས་སིལ་ཚོང་བྱ་རྒྱུ་ཆོག་མཆན་ཡོད་ལུགས་བཤད་ཡོད་པ་དང༌། གསོ་ཉར་ཁང་དེས་སྟག་གི་རུས་པའི་ཆང་ལོ་དྲུག་ཙམ་ཕྱིན་པ་ལ་ཨ་སྒོར་ ༡༠༦ དང༌། ལོ་གསུམ་ཙམ་ཕྱིན་པ་ལ་ཨ་སྒོར་ ༥༢ བྱེད་ཀྱི་ཡོད་འདུག
གོང་གསལ་མངའ་སྡེ་དེའི་པེང་ནན་གྲོང་ཁྱེར་སྟག་གསོ་ཉར་ཁང་དེའི་སིལ་ཚོང་ཁང་གི་ནང་སྟག་གི་རུས་པས་བཟོས་པའི་ཆང་ལོ་གསུམ་ཙམ་ཕྱིན་པའི་ཤེལ་དམ་རེ་ལ་རིན་གོང་ཨ་སྒོར་ ༤༡ དང༌། ནན་ནིང་གནམ་ཐང་ལ་ཆང་དེ་རིགས་ལོ་ཚད་གང་ཡང་མེད་པ་ལ་ཨ་སྒོར་ ༨༠ ཙམ་བྱས་ནས་བཙོང་གི་ཡོད་འདུག སྟག་གསོ་ཉར་ཁང་དེའི་ལོ་རེར་ཆང་ཤེལ་དམ་འབུམ་གཉིས་ཙམ་བཙོང་སྟེ་ཨ་སྒོར་ས་ཡ་མང་པོ་ཁེ་བཟང་རག་གི་ཡོད། ཕྱི་ལོ་ ༢༠༠༦ ཟླ་བ་ ༩ ནང་རྒྱ་ནག་ཉིན་རེའི་གཞོན་ནུའི་གསར་འགྱུར་ནང་གོང་གསལ་སྟག་གསོ་ཉར་ཁང་དེའི་ཟ་ཁང་ནང་སྟག་ཤའི་ཁ་ལག་ཡོད་ཚུལ་ཟ་ཁང་ཁ་ལག་གི་མིང་ཐོའི་ནང་¿ཤ་ཡི་རྒྱལ་པོ¿་ཞེས་པ་ཡོད་ཅིང་དེ་སྟག་ཤ་ཡིན་པ་དང་སྟག་ཤ་ཡོད་པའི་ཁ་ལག་རིན་གོང་ཆེན་པོ་ཡིན་འདུག
སྟག་གསོ་ཚགས་ཁང་ཐོག་མར་གསར་སྐྲུན་སྐབས་ཨ་སྒོར་ས་ཡ་བཞི་མིན་ཙམ་འགྲོ་གྲོན་བཏང་ཡོད་པས་ཨ་སྒོར་ས་ཡ་གཅིག་མིན་ཙམ་མངའ་སྡེའི་ཤིང་ནགས་ལས་ཁུངས་ནས་བཏང་པ་དང༌། གསོ་ཚགས་ཁང་དེའི་ནང་ལོ་རེར་སྟག་གྲངས་འབོར་ ༢༠༠ ནས་ ༣༠༠ བར་སྐྱེ་འཕེལ་ཡོང་གི་ཡོད། འདས་པའི་ལོ་ ༡༥ རིང་གསོ་ཚགས་ཁང་དེའི་ནང་ཨ་ཧཕི་རི་ཁའི་སེང་གེ་དང༌། སྟག དོམ་སོགས་གསོ་ཚགས་བྱས་ཡོད་པ་དང༌། གསོ་ཚགས་ཁང་དེའི་ནང་སི་བྷི་རི་ཡ་དང༌། བྷང་གྷ་ལེ། རྒྱ་ནག་ལྷོ་ཕྱོགས། སྟག་དཀར་པོ་སོགས་སྟག་གི་རིགས་མི་འདྲ་བ་བསྡོམས་གྲངས་འབོར་ ༡༡༠༠ ལྷག་ཙམ་དང༌། དོམ་ནག་ ༤༠༠། ཨ་ཧཕི་རི་ཁའི་སེང་གེ་ ༣༠༠། ཤྭ་བ་ ༣༠༠ སོགས་དེ་མིན་སྟོངས་ལ་ཉེ་བའི་སྲུང་སྐྱོབ་ཀྱི་གྲས་སུ་ཡོད་པ་རི་སྐྱེས་སྲོག་ཆགས་ཀྱང་ཡོད་པས། གསོ་ཚགས་ཁང་དེ་ཆེས་གལ་གནད་ཆེ་བའི་རི་སྐྱེས་སྲོག་ཆགས་ཞིབ་འཇུག་བྱེད་སའི་བསྟི་གནས་ཤིག་ཡིན་འདུག སྟབས་མ་ལེགས་པ་ཞིག་ལ་རྒྱ་ནག་གཞུང་གི་ཆོག་མཆན་འོག་གསོ་ཚགས་ཁང་དེའི་སྟག་གི་རུས་པའི་ཆང་དང༌། དོམ་ནག་མཁྲིས་པའི་ཆང༌། སྦྲུལ་གྱི་ཆང་སོགས་སྟོངས་ལ་ཉེ་བའི་སེམས་ཅན་མང་པོའི་གཟུགས་པོའི་ཆ་ཤས་དག་ཐོན་སྐྱེད་བྱས་ཏེ་རྒྱ་ནག་གི་ཞིང་ཆེན་དང་ས་ཁུལ་ཁག་ལ་སྡེབ་ཚོང་དང་སིལ་ཚོང་བྱས་པར་བརྟེན་ལོ་རེར་དཔལ་འབྱོར་ཡོང་འབབ་ཨ་སྒོར་ས་ཡ་ ༡༢ ཙམ་ཡོང་གི་ཡོད།
གོང་གསལ་གནད་དོན་ཁག་གི་ཐད་གཞུང་དང་གཞུང་འབྲེལ་མ་ཡིན་པའི་རྒྱལ་སྤྱིའི་ཁོར་ཡུག་སྲུང་སྐྱོབ་ཚོགས་པ་ཁག་གིས་སྔ་ཕྱི་བར་གསུམ་དུ་ཐབས་ལམ་འདྲ་མིན་བརྒྱུད་ཁོར་ཡུག་དང་རི་སྐྱེས་སྲོག་ཆགས་ཀྱི་རྒྱལ་སྤྱི་དང་རྒྱལ་ནང་གི་སྲུང་སྐྱོབ་ཀྱི་ཁྲིམས་གཞི་ལག་བསྟར་དོན་འཁྱོལ་དགོས་པའི་འབོད་སྐུལ་དང་གནོན་ཤུགས་སོགས་ཅི་རིགས་སྤྲོད་བཞིན་ཡོད་པ་དང༌། སྙན་ཐོ་དང་གྲོས་ཆོད་དེ་དག་ནང་འཁོད་པ་རགས་བསྡུས་བྱས་ཏེ་བརྗོད་ན་རྒྱ་ནག་གཞུང་གི་སྟོངས་ལ་ཉེ་བའི་རི་སྐྱེས་སྲོག་ཆགས་སྐོར་གྱི་རྒྱལ་སྤྱིའི་ཁྲིམས་ལུགས་ལྟར་ལག་བསྟར་བྱེད་ཀྱི་མེད་པ་དང༌། རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་སླད་མི་མང་ལ་གོ་རྟོགས་ཀྱི་ལས་འགུལ་སྤེལ་རྒྱུ་འདང་ངེས་མེད་པ། སྲུང་སྐྱོབ་སླད་ཆེད་ལས་ལས་བྱེད་པ་ཉུང་བ། ཉེན་རྟོག་པ་དང་འབྲེལ་ཡོད་ལས་བྱེད་ཀྱིས་དོ་ཁུར་མི་བྱེད་པ། སྲུང་སྐྱོབ་ཀྱི་འགྲོ་གྲོན་འདང་ངེས་མེད་པ། རྒྱལ་བལ་ཁུལ་གྱི་འགག་སྒོ་ནས་འབྲེལ་ཡོད་ལས་བྱེད་པས་གནད་དོན་དེ་རིགས་དོ་དམ་བཀའ་འགོག་དེ་ཙམ་བྱེད་ཀྱི་མེད་པས་འབྱུང་འགྱུར་སྟག་གཟིག་སོགས་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་ཡོང་ཆེད་རྒྱ་བལ་ཁུལ་གྱི་སྲུང་སྐྱོབ་ལས་དོན་མི་སྣ་ལ་འབྲེལ་གཏུགས་དང་འབྲེལ་མཉམ་རུབ་བྱེད་དགོས་པ་སོགས་འཁོད་ཡོད་པ་རེད།
ཕྱི་ལོ་ ༡༩༩༥ ཟླ་ ༣ ཚེས་ ༢ ཉིན་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་རྒྱ་དཀར་ནག་གཉིས་མོས་ཚོགས་འདུ་འཚོགས་ཏེ་སྟག་སྲུང་སྐྱོབ་ཆེད་གྲོས་ཆོད་དོན་ཚན་བདུན་ཅན་ཞིག་བཞག་ཡོད་པ་དང༌། དེའི་ནང་མ་འོངས་སྟག་སྲུང་སྐྱོབ་ཆེད་ཕྱོགས་གཉིས་ཀས་འབད་བརྩོན་བྱ་རྒྱུ་དང༌། སྟག་གི་སྐོར་ལ་མུ་མཐུད་ཞིབ་འཇུག་དང་བརྗེ་རེས་བྱ་རྒྱུ། ཁྲིམ་འགལ་གྱི་ཉོ་ཚོང་དང་རྔོན་རྒྱག་ཚང་མར་དོ་དམ་ནན་པོ་བྱ་རྒྱུ་སོགས་འཁོད་ཡོད་པ་རེད། རྒྱལ་སྤྱིའི་སྟོངས་ལ་ཉེ་བའི་རི་སྐྱེས་སྲོག་ཆགས་དང༌། སྐྱེ་དངོས་ཉོ་ཚོང་གི་ལྷན་ཚོགས་ཆེས་མཐོའི་རྒྱུན་ལས་ཚོགས་ཆུང་གིས་རྒྱ་ནག་ནང་སྟོངས་ལ་ཉེ་བའི་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་ཆེད་ཁྲིམས་གཞི་དང་གྲོས་དོན་ཁག་ལག་བསྟར་ཚུལ་བཞིན་དུ་དགོས་པའི་སྙན་ཐོ་དང་འབྲེལ་གྲོས་ཆོད་དོན་ཚན་བདུན་ཅན་ཞིག་བཞག་ཡོད་པ་རེད།
རྒྱ་ནག་གཞུང་གིས་རི་སྐྱེས་སྲོག་ཆགས་སྐོར་གྱི་རྒྱལ་སྤྱིའི་ཁྲིམས་ལུགས་དང་གྲོས་ཆོད་ཀྱི་དགོངས་དོན་ཁག་ལག་བསྟར་བྱེད་རྒྱུ་ལྟ་ཞོག དེ་ལས་ལྡོག་སྟེ་སྟག་གི་རུས་པས་ཆང་ཐོན་སྐྱེད་དང་སྨན་རྫས་ནང་བེད་སྤྱོད་བྱེད་པ་དང༌། བོད་ཀྱི་ས་ཁུལ་ཁག་དུ་བོད་རིགས་རྣམས་ལ་སྟག་གཟིག་སྲམ་གསུམ་གྱི་པགས་རིགས་མུ་འཐུད་ཉོ་ཚོང་དང་བེད་སྤྱོད་གཏོང་དགོས་པ་བརྒྱུད་ལམ་འདྲ་མིན་བརྒྱུད་དེ་དངོས་ཤུགས་བརྒྱུད་གསུམ་ནས་བཀའ་རྒྱ་དང་སྐུལ་མ་ཡང་ཡང་གཏོང་བཞིན་ཡོད་པ་རེད། ལྷག་པར་རྒྱ་ནག་གཞུང་ལ་ས་གནས་ས་ཐོག་ཏུ་རི་སྐྱེས་སྲོག་ཆགས་དང་ཁོར་ཡུག་སྲུང་སྐྱོབ་ཀྱི་དམིགས་བསལ་ལས་ཁུངས་མེད་པས། མང་ཆེ་བ་ས་གནས་ཤིང་ནགས་ལས་ཁུངས་ཀྱིས་ལས་ཀ་གཅིག་ལྕོགས་བྱེད་དགོས་ཀྱི་ཡོད་པས་སྲུང་སྐྱོབ་ཀྱི་ལས་དོན་ལ་འཐུས་ཤོར་མང་པོ་འགྲོ་བཞིན་ཡོད་པ་རེད།།
ཐེངས་ 42314 བཀླགས་འདུག