ཚེ་རིང་འོད་ཟེར་གྱི་རྩོམ་ཡིག
ད་ཆ་བོད་ཀྱི་ས་ཁུལ་ཁག་ལ་རྩ་ཆེའི་རི་སྐྱེས་སྲོག་ཆགས་ཀྱི་པགས་རྒྱན་སྤྲས་པའི་གོས་གྱོན་དགོས་མིན་དེ་མི་རྣམས་ལ་བསམ་བློ་ཞིབ་མོ་གཏོང་དགོས་པའི་གནད་དོན་ཆགས་ཡོད། དེ་ཡང་གསལ་པོར་བརྗོད་ན། དེ་སྔོན་མི་རྣམས་ཀྱིས་རྒྱུ་དངོས་ངོམ་སོ་དང་འགྲན་བསྡུར་བྱ་རྒྱུར་འབྲེལ་བ་མེད་ལ་རང་ཉིད་རྨོངས་པའི་གཞན་དབང་གིས་རང་ཉིད་མཛེས་ཆོས་ལ་བརྩོན་ལེན་བྱེད་པར་རྔམ་པའི་བསམ་བློ་དང་དེ་བས་ཀྱང་འབྲེལ་བ་མེད། འོན་ཀྱང་དེ་དག་ནི་ཆབ་སྲིད་ཀྱི་ལངས་ཕྱོགས་དང་འབྲེལ་བ་ཆེན་པོ་ཡོད་པར་བརྟེན། གནད་དོན་དེར་མི་རྣམས་ཀྱིས་བསམ་བློ་ཞིབ་མོ་གཏོང་དགོས་པ་ཆགས་ཡོད། ཅེས་དང༌། བོད་མི་ཚོས་མ་སྐུལ་དང་བླངས་ཀྱིས་ལས་འགུལ་དེ་ནི་བློ་སེམས་རྒྱབ་འགལ་གྱི་བྱ་སྤྱོད་ལ་བརྩིས་ནས་བཙན་ཤེད་ཀྱིས་བཀག་འགོག་བྱས་པ་མ་ཟད། ད་དུང་མུ་མཐུད་ནས་གྱོན་དགོས་པའི་བཙན་བཀའ་བཏང་བའི་དཔེ་མཚོན་ཞིག་ཞུས་ན། བརྙན་འཕྲིན་དགོང་ཚོགས་ཀྱི་ལེ་ཚན་གཙོ་སྐྱོང་བ་དང༌། དེ་བཞིན་རྒྱ་གཞུང་གི་བོད་པའི་དཔོན་རིགས་ཚོས་མི་དམངས་འདུ་ཚོགས་ཀྱི་སར་མངོན་གསལ་དོད་པོས་པགས་རིགས་ཀྱི་རྒྱན་གོས་གྱོན་པ་དེ་ནི་ཆབ་སྲིད་ཀྱི་ཐོག་གུང་ཁྲན་ཏང་ལ་ལྷག་བསམ་དཀར་བའི་རྣམ་པ་མཚོན་པར་བྱེད་ཀྱི་ཡོད་”ཅེས་དང༌།
གལ་སྲིད་པགས་རིགས་ཀྱི་རྒྱན་གོས་མེར་སྲེག་བྱས་པ་དེ་ཁ་བྲལ་གྱི་བྱ་སྤྱོད་ཞིག་ལ་ངོས་འཛིན་བྱས་པ་ཡིན་ན། བོད་ཡུལ་གྱི་བོད་མི་མང་པོས་དུས་དེ་ནས་བཟུང་པགས་རིགས་ཀྱི་རྒྱན་གོས་མི་གྱོན་པའི་བྱེད་སྟངས་ཐོག་ནས་རང་ཉིད་ཀྱི་རྣམ་འགྱུར་གསལ་སྟོན་བྱེད་ཀྱི་ཡོད། ད་ལྟའི་བར་བོད་ཀྱི་ས་ཁུལ་ཁག་གི་ནང་དམངས་ཁྲོད་ཀྱི་དུས་ཆེན་ཁག་ལ་པགས་རིགས་ཀྱི་རྒྱན་གོས་གྱོན་མཁན་ཤིན་ཏུ་ནས་མཐོང་དཀོན་པའི་དུས་སྐབས་འདིར་བོད་མི་དབང་འཛིན་པ་རེ་ཟུང་གིས་དེ་ལས་ལྡོག་སྟེ་མི་མང་འདུ་ཚོགས་སར་པགས་རིགས་ཀྱི་རྒྱན་གོས་གྱོན་ནས་ཧ་ཅང་གི་ངོམ་སོ་བྱས་པ་དེ་གསལ་པོར་མངོན་ཐུབ་པ་ཞིག་ཡིན། མི་སྣ་དེ་དག་གིས་རྒྱན་གོས་དེ་ལྟར་གྱོན་པ་ནི་རང་ཁྱིམ་གྱི་རྒྱུ་ནོར་ངོམ་སོ་བྱས་པ་ཞིག་མིན་ལ། རང་ཉིད་མཛེས་ཆོས་ལ་བརྩོན་ལེན་བྱས་པ་ཡང་མ་ཡིན་པར། དེ་ནི་ཁ་བྲལ་ལ་ངོ་རྒོལ་དང་གུང་ཁྲན་ཏང་ལ་ལྷག་བསམ་རྣམ་དག་མཚོན་པར་བྱས་ཏེ་རང་ཉིད་མི་མང་གི་བསམ་པ་དང་དུས་བབས་ལ་རྒྱབ་འགལ་གྱིས་མུ་མཐུད་རང་ཉིད་ཀྱི་དམིགས་ཡུལ་སྒྲུབ་ཐབས་བྱེད་པ་དེ་ནི་བོད་ཀྱི་དེང་དུས་ཀྱི་ངོ་མཚར་ཆེ་བའི་རྣམ་པ་ཞིག་ཡིན་¿ཞེས་དང༌།
¿ཟླ་ཤས་སྔོན་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་ལ་ཁམས་པའི་སྒྱུ་རྩལ་དུས་ཆེན་ཞེས་པ་ཞིག་གཉེར་འཆར་ཡོད་པ་དེའི་ཐོག་ནས་གནས་ཚུལ་ཤེས་གསལ་ལ། ས་གནས་སྲིད་གཞུང་གིས་ཆེད་མངགས་ཚོགས་འདུ་ཞིག་སྐོང་ཚོགས་བྱས་ནས་དུས་ཆེན་ལ་མཉམ་ཞུགས་བྱེད་མཁན་ཚང་མས་སྟག་གཟིག་པགས་པའི་རྒྱན་གོས་གྱོན་དགོས་པའི་བརྡ་ཐོ་བཏང་ཡོད་པ་རེད། ང་ཁམས་དང་ཨ་མདོ་ཕྱོགས་ལ་འགྲུལ་བཞུད་བྱེད་སྐབས་ས་གནས་དེ་གའི་བོད་མི་དཀྱུས་མ་ཚོའི་རྣམ་འགྱུར་ལ་ཧ་ཅང་གི་དོ་སྣང་ཆེན་པོ་བྱས་པ་ཡིན། དེ་ནས་ང་རེབ་གོང་དུ་འགྲུལ་བཞུད་བྱེད་པའི་ལམ་བར་དུ་ད་ལོ་སླར་ཡང་བོད་མི་ཚོས་རང་འགུལ་གྱིས་པགས་རིགས་ཀྱི་རྒྱན་གོས་མེ་སྲེག་གི་ལས་འགུལ་སྤེལ་གྱི་ཡོད་པ་གོ་ཐོས་བྱུང༌། མགོ་ལོག་ས་ཁུལ་དུ་ས་གནས་དེ་གའི་ཁྱད་ཆོས་ལྡན་པའི་རྒྱན་ཆ་ཚོང་མཁན་གྱི་བུད་མེད་ཞིག་གིས་བདག་ལ་བརྗོད་གསལ། སྔ་ལོ་ཁོ་མོས་ཀྱང་རང་ཁྱིམ་གྱི་པགས་རིགས་རྒྱན་གོས་རྣམས་མེར་སྲེག་བྱས་པ་མ་ཟད། ད་ནས་བཟུང་རྩ་བ་ནས་གྱོན་རྒྱུ་མིན་པའི་སྐོར་གསུང་བྱུང༌། གོ་ཐོས་ལ་མགོ་ལོག་ས་གནས་དབང་འཛིན་པས་མི་རིང་བར་གཉེར་འཆར་ཡོད་པའི་རྟ་རྒྱུག་དུས་ཆེན་སྐབས་བོད་མི་ཚོས་ངེས་པར་པགས་རིགས་རྒྱན་པའི་གོས་གྱོན་དགོས་པའི་བཙན་བཀའ་བཏང་བ་མ་ཟད། གལ་ཏེ་བོད་མི་ཚོས་མི་གྱོན་ན་ཆད་པ་ནན་པོ་གཅོད་རྒྱུ་ཡིན་ཞེས་བཤད་ཡོད། འོན་ཀྱང་བོད་མི་ཚོས་མགོ་བོ་བཅད་ཀྱང་པགས་རིགས་ཀྱི་རྒྱན་གོས་གྱོན་རྒྱུ་མིན་པའི་དམ་བཅའ་བཞག་ཡོད་པ་རེད། དོན་སྙིང་ལྡན་པ་ཞིག་ལ་ངོས་ཡུལ་ཤུལ་ཁུལ་གྱི་གྲོང་བརྡལ་བརྒྱུད་པའི་ལམ་བར་དུ་ཐག་རིང་དུ་གནས་པའི་གླུ་གཞས་ཀྱི་སྒྲ་དང་ལམ་འགྲམ་གྱི་ལྟ་ན་སྡུག་པའི་གུར་གྱིས་ངའི་ཡིད་ཀྱི་བརྟན་པ་དབང་མེད་དུ་འཕྲོགས་ཏེ་ཕྱོགས་གཅིག་ནས་རྩད་གཅོད་དང༌། ཕྱོགས་གཅིག་ནས་ལྟ་བཞིན་པའི་སྐབས་དེར་ཞིང་པ་ཚོས་རང་དགོན་ཀྱི་སྤྲུལ་སྐུ་རང་ཡུལ་དུ་ཕེབས་བསུའི་རྣམ་པ་མཚོན་བྱེད་དུ་སྲོལ་རྒྱུན་གྱི་གླུ་གར་འཁྲབ་སྟོན་བྱེད་བཞིན་འདུག གླུ་གར་འཁྲབ་སྟོན་གྱི་འདུ་འཛོམས་ཤིན་ཏུ་ཆེན་པོ་ཡོད་ནའང་དེ་དག་གི་ཁྲོད་དུ་པགས་རིགས་ཀྱི་རྒྱན་གོས་གྱོན་པའི་བོད་མི་གཅིག་ཀྱང་མཐོང་རྒྱུ་མི་འདུག དེ་སྔོན་རྩ་ཆེའི་རི་སྐྱེས་སྲོག་ཆགས་ཀྱི་པགས་རིགས་ཀྱིས་བརྒྱན་པའི་གོས་དེ་དག་ད་ཆ་ཚོས་མདོག་འདྲ་མིན་གྱི་གོས་ཆེན་གྱོན་གོས་ལ་བསྒྱུར་ཟིན་འདུག དེ་དག་མཐོང་བ་ཙམ་གྱིས་མཛེས་ཞིང་ལྟ་ན་སྡུག་ལ་ཕྱུག་ཉམས་རྒྱས་སྤྲོས་ཀྱི་རྣམ་པ་ཡེ་ནས་མཐོང་རྒྱུ་མི་འདུག གུས་མོས་རང་ཉིད་ཀྱི་གམ་དུ་ཡོད་པའི་བོད་མི་ཞིག་ལ་ཁྱོད་ཀྱིས་སྟག་གཟིག་གིས་བརྒྱན་པའི་གོས་མི་གྱོན་པ་ཅི་ཡིན་ནམ་ཞེས་དྲིས་པས་བོད་མི་དེས་སྣང་དོགས་ཅི་ཡང་མེད་པའི་ཐོག་ནས་ “གོང་ས་མཆོག་གིས་སྟག་གཟིག་གི་པགས་རྒྱན་སྤྲས་པའི་གོས་གྱོན་མི་རུང་བའི་བཀའ་སློབ་གནང་ཟིན་པས་ང་ཚོས་ད་དུང་གྱོན་གྱི་རེད་དམ”ཞེས་བརྗོད་བྱུང༌།” ཞེས་དང༌། དེ་བཞིན་འོད་ཟེར་གྱི་རྩོམ་ཡིག་ནང་“ཕྱི་ལོ་ ༢༠༠༦ ཟླ་ ༡ ཚེས་ ༣༡ ཉིན། སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དཀར་མཛེས་རྫོང་དུ་བོད་མི་ཞིག་གིས་རང་ཁྱིམ་གྱི་པགས་རིགས་གོས་རྒྱན་དང༌། ཝ་ལྤགས་ཀྱི་ཞྭ་མོ་མེར་སྲེག་བཏང་བ་དང༌། རྟའུ་རྫོང་གི་གྲོང་མི་ཚོས་རང་འགུལ་གྱིས་རང་ཁྱིམ་གྱི་པགས་རིགས་ཀྱི་རྒྱན་གོས་མེ་སྲེག་བཏང་བ་སོགས་བསྡོམས་རྩིས་བྱས་ན་པགས་རིགས་ཀྱི་རྒྱན་གོས་བརྒྱ་ཆ་དྲུག་ཅུ་ལྷག་ཙམ་མེར་སྲེག་བཏང་ཟིན་པ་རེད། ད་དུང་གོ་ཐོས་ལ་པགས་རིགས་ཀྱི་རྒྱན་གོས་དེ་དག་གི་རིན་གོང་མར་ཆག་བཞིན་ཡོད་པ་སྟེ། དེ་སྔོན་སྟག་ལྤགས་གཅིག་ལ་རྒྱ་སྒོར་ཆིག་ཁྲི་ལྔ་སྟོང་ཡིན་པ་དེ་ད་ཆ་རྒྱ་སྒོར་ལྔ་སྟོང་བར་ཆག་ཡོད་པ་དང༌། གཟིག་ལྤགས་གཅིག་ལ་དེ་སྔོན་རྒྱ་སྒོར་ཁྲི་བྱས་པ་དེ་ད་ཆ་སྟོང་ཕྲག་གཅིག་བར་ཆག་ཡོད་པ་རེད། ཡིན་ནའང་མི་བྱབ་ཆུང་བ་ཁེ་ཆུང་ལ་ལྟ་མཁན་འགའ་ཞིག་གིས་གོ་སྐབས་དེ་བཟུང་ནས་ཉོ་སྒྲུབ་བྱེད་པར་འཕྱ་སྨོད་ཀྱི་གནས་སུ་གྱར་¿ཞེས་དང༌།
¿ཕྱི་ལོ་ ༢༠༠༦ ལོའི་ཟླ་ ༢ པའི་ཚེས་ ༧ ཉིན་མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ས་ཁུལ་གྱི་རེབ་གོང་རྫོང་གི་ཞིང་པ་ཚེ་བརྟན་རྒྱལ་དང༌། མགོན་པོ་རྒྱལ་རྣམ་གཉིས་ཀྱིས་རང་ཁྱིམ་གྱི་པགས་རིགས་རྒྱན་ཆ་སྲམ་ལྤགས་དང༌། གཟིག་ལྤགས། དེ་བཞིན་ཝ་ལྤགས་སོགས་ཀྱི་ཞྭ་མོ་ཁ་ཤས་ས་ཁུལ་དེ་གའི་དགོན་པའི་མདུན་ཐང་དུ་མེར་སྲེག་གི་བྱེད་སྒོ་སྤེལ་བ་མ་ཟད། བོད་མི་ཚོས་སྙིང་དབུས་ནས་དེང་གི་དུས་འདིར་བོད་རིགས་ས་ཁུལ་ཁག་གི་ནང་པགས་རིགས་ཀྱི་རྒྱན་ཆ་དར་སྲོལ་དང་རྒྱུ་ངོམ་བྱེད་སྟངས་དེ་རིགས་ལ་འགྱུར་ལྡོག་བཏང་ནས་རྩ་ཆེའི་རི་དྭགས་ལ་སྲུང་སྐྱོབ་དགོས་གལ་ཆེ་བའི་ཁྱབ་བསྒྲགས་དང༌། དུས་ཐུང་ཆུ་ཚོད་གཅིག་གི་ནང་དུད་ཁྱིམ་གསུམ་གྱི་བོད་མི་ཚོས་རང་ཁྱིམ་གྱི་པགས་རིགས་ཀྱིས་བརྒྱན་པའི་བོད་ཆས་དེ་དག་མེ་སྲེག་བཏང་བ་དང༌། ད་དུང་བོད་མི་མི་ཉུང་བ་ཞིག་གིས་དགོན་པར་རྒྱུ་དངོས་ཕུལ་ནས་ཚེ་སྲོག་ཤོར་བའི་སྲོག་ཆགས་དེ་དག་གི་ཆེད་དུ་གསོལ་བ་སྨོན་ལམ་ཡང་བཏབ་ཡོད་པ་རེད།
གོ་ཐོས་ལྟར་ན་དུས་ཡུན་དེའི་རིང་ལ་ལྷ་ས་ཁྲོམ་གཟིགས་ཁང་དུ་པགས་རིགས་ཀྱི་རྒྱན་གོས་ཚོང་གཉེར་བྱེད་བཞིན་པའི་ཁམས་པ་ཚོང་པ་ཞིག་གིས་ཀྱང་རིན་གོང་རྒྱ་སྒོར་ཁྲི་ལྔ་བཅུ་ལ་ཉེ་བའི་སྲམ་ལྤགས་དང༌། ཝ་ལྤགས་སོགས་མི་རྣམས་ཀྱིས་མཐོང་སར་མེ་སྲེག་བྱས་པ་མ་ཟད། ད་དུང་ཁོང་གིས་བརྗོད་དོན། དེ་སྔ་དངུལ་ལོར་ནི་རིན་ཐང་ཆེ་ཤོས་ཤིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད། ཡིན་ནའང་ད་ལྟ་དངུལ་ལོར་ལས་ཚེ་སྲོག་རིན་ཐང་ཆེ་བའི་གནས་ལུགས་རྟོགས་ཐུབ་སོང༌། སྤྱིར་ན་མིའི་ཚེ་སྲོག་ནི་རྩ་ཆེན་པོ་ཡིན་པ་ལྟར་སྲོག་ཆགས་གཞན་གྱི་ཚེ་སྲོག་ཀྱང་གལ་ཆེན་པོ་ཡིན། འདས་པའི་དུས་ལ་རང་ཉིད་ཀྱིས་སེམས་ཅན་གཞན་གྱི་ཚེ་སྲོག་ལ་སྣང་མེད་ཀྱི་ལས་ངན་བསགས་པ་དེ་དག་ད་ལྟ་སེམས་གཏིང་ནས་འགྱོད་པ་སྐྱེ་ཡི་འདུག་པས་དུས་ད་རིང་ནས་བཟུང་ལས་ངན་དེ་དག་མཚམས་འཇོག་བྱ་རྒྱུའི་སེམས་ཐག་བཅད་ཡོད་ཅེས་བརྗོད་ཡོད།
ཕྱི་ལོ་ ༢༠༠༦ ཟླ་ ༢ ཚེས་ ༡༢ ནས་འགོ་བཙུགས་ཏེ་ཟི་ཁྲོན་ཞིང་ཆེན་གྱི་རྫོང་ཁག་ལ་གཞི་རྒྱ་ཆེ་བའི་པགས་རིགས་ཀྱི་རྒྱན་གོས་མེར་སྲེག་གཏོང་བའི་བྱེད་སྒོ་སྤེལ་ཡོད་པ་རེད། རྔ་པ་རྫོང་དགོན་སྡེ་ཆེ་ཁག་ཁོ་ན་ལ་མེ་སྲེག་པགས་རིགས་ཀྱི་རིན་གོང་ལ་ཆ་མཚོན་ན་རྒྱ་སྒོར་ཁྲི་བརྒྱ་བརྒལ་ཡོད། སྐབས་དེའི་ལས་འགུལ་དེ་ཧ་ཅང་གི་གཟི་བརྗིད་ཆེ་ལ་མི་མང་མང་པོ་ཞིག་སེམས་འགུལ་ཚད་མེད་ཐེབས་ནས་མིག་ཆུ་ཡང་ཡང་གཏོང་གི་འདུག ས་གནས་དེའི་ཁྲོམ་ལམ་ཆེ་ཆུང་ཚང་མར་པགས་རིག་མེར་སྲེག་པའི་ཐལ་རོ་རི་ལྟར་སྤུངས་འདུག
དེ་རྗེས་མཚོ་སྔོན་ཞིང་ཆེན་གཅན་ཚ་ས་ཁུལ་གྱི་བོད་མི་ཚོས་ཀྱང་རང་འགུལ་གྱིས་པགས་རིགས་མེར་སྲེག་པའི་ལས་འགུལ་སྤེལ་ཡོད། པེ་ཅིང་ལ་སློབ་སྦྱོང་བྱེད་བཞིན་པའི་སློབ་མ་ཞིག་གིས་རང་གི་ཕ་མ་གཉིས་དང་གཅེན་གཅུང་རྣམས་ལ་སློབ་གསོ་བཏང་བས་ཁོང་རྣམ་པས་རང་ཉིད་ཀྱི་བོད་ཆས་ཐོག་གི་སྲམ་ལྤགས་དེ་དག་དབྲལ་ནས་ཉིན་ཤས་རྗེས་ཀྱི་ཆོས་ལུགས་དུས་སྟོན་སྐབས་མེ་སྲེག་བྱས་པ་རེད། པགས་རིགས་དེ་དག་གི་རིན་གོང་ནི་རྒྱ་སྒོར་ཁྲི་གསུམ་དང་དྲུག་སྟོང་གི་མ་གནས་ཡོད་པ་རེད། ཟི་ཁྲོན་ཞིང་ཆེན་གྱི་བོད་རིགས་ས་ཁུལ་ཁག་གི་པགས་རིགས་མེར་སྲེག་གཏོང་བའི་ལས་འགུལ་དེ་ཕྱི་ཟླ་ ༢ པའི་ཚེས་ ༢༨ ཉིན་ཏེ་བོད་ཀྱི་ལོ་གསར་སྐབས་ཡིན་”ཞེས་རྩོམ་པ་པོ་འོད་ཟེར་ལགས་ཀྱི་རྩོམ་ཡིག་ནང་འཁོད་ཡོད་པ་རེད།
དེ་བཞིན་རྒྱ་རིགས་རྩོམ་པ་པོ་ཝང་ལི་ཞུང་གི་རྩོམ་ཡིག་ནང་“གཞིས་ལུས་བོད་མི་ཚོས་དུས་བབ་དང་མི་མཐུན་ཞིང་འཛམ་གླིང་གི་འཕེལ་ཕྱོགས་ལ་རྒྱབ་འགལ་དེ་འདྲ་བྱེད་དགོས་དོན་གང་ཡིན་ནམ། ངའི་བསམ་པར་བོད་ཀྱི་ས་ཁུལ་ཁག་གི་སྲིད་གཞུང་ནས་མིང་ལ་རིག་གཞུང་གི་སྟེགས་བུའི་ཐོག དཔལ་འབྱོར་གྱི་གར་འཁྲབ་པ་དེས་ལྡོག་ཕྱོགས་ཀྱི་ནུས་པ་ཐོན་བཞིན་ཡོད། དེ་ནི་མ་འཇོག་དང༌། ཡུལ་སྐོར་འཕེལ་རྒྱས་འགུག་ཐབས་ཀྱིས་མིང་འདྲ་མིན་གྱི་ཐོག་ནས་རིག་གཞུང་དུས་ཆེན་ཞེས་པ་སོགས་རྣམ་པ་འདྲ་མིན་སྤེལ་གྱི་ཡོད་པ་རེད། དེའི་ནང་ནས་བོད་མིའི་ཆས་གོས་འཁྲབ་སྟོན་དེ་གལ་ཆེ་ཤོས་སུ་འཛིན་གྱི་ཡོད་པ་རེད། འཁྲབ་སྟོན་དེ་ནི་གཞུང་ཕྱོགས་ཀྱིས་མཛེས་མིན་ལྟ་བའི་ཁྱད་ཆོས་ལྡན་ཡོད་པ་སྟེ། སྐབས་དེ་དུས་ལུས་ལ་རྒྱན་གོས་རིན་ཐང་ཇི་ཙམ་གྱི་ཆེ་བ་བཏགས་པ་ལ་དེ་ཙམ་གྱིས་ཨང་རིམ་ཐོབ་ཀྱི་ཡོད་པ་རེད། རྒྱུ་མཚན་དེ་བས་མི་རྣམས་ཀྱིས་རང་བཞིན་གྱིས་རིན་གོང་གང་ཆེ་བའི་པགས་རིགས་དང༌། པགས་རིགས་དེ་དག་གི་ཁ་ཞེང་ཀྱང་གང་ཆེ་ཆེ་བེད་སྤྱོད་བཏང་བའི་ཕྱོགས་སུ་སྐྱོད་ཀྱི་ཡོད། སྐབས་རེ་སྲིད་གཞུང་ནས་མི་སེར་ཚོའི་ས་ནས་རྒྱན་ཆ་བསྡུ་རུབ་བྱས་ནས་རྒྱན་ཆ་དེ་དག་སྲིད་གཞུང་ནས་ཆེད་དུ་མངགས་གཏོང་བྱས་པའི་མི་སྣ་དེ་དག་གི་ལུས་ལ་བརྒྱན་ཏེ་འཁྲབ་སྟོན་པ་དེ་དག་རྒྱན་ཆ་ཚོང་ཁང་གི་ཚོང་ཟོག་སྐོན་སའི་ཡུལ་ལྟ་བུར་གྱུར་ནས་མི་ཚང་མའི་ལུས་ལ་རྒྱན་ཆས་ཁེངས་ནས་བསྡད་ཡོད། བྱེད་སྟངས་དེ་རིགས་ནི་གླེན་པའི་བྱ་སྤྱོད་ཞིག་ཡིན། ད་དུང་སྲིད་གཞུང་ནས་ཉེན་རྟོག་མི་སྣ་མངགས་གཏོང་བྱས་ནས་རྒྱན་ཆ་དེ་དག་རྐུ་འཕྲོག་མི་བྱུང་བའི་ཆེད་སྲུང་སྐྱོབ་བྱེད་བཞིན་ཡོད་པ་རེད། ཡིན་ནའང་གྱོན་ཆས་འཁྲབ་སྟོན་དེ་རིགས་ལ་གསར་འགྱུར་བརྒྱུད་ལམ་ཁག་དགའ་སྣང་ཆེན་པོས་དཔར་རྒྱག་པ་དང༌། བརྙན་དཔར་ལེན་རྒྱུའི་ལྟེ་བ་ལ་འགྱུར་བ་དང༌། དེ་ནས་གསར་འགྱུར་བརྒྱུད་ལམ་ཁག་ནས་དེ་དག་རྒྱ་ཆེར་ཁྱབ་བསྒྲགས་བྱས་རྗེས། མི་མང་པོ་ཞིག་གིས་མིག་དཔེར་གྱུར་ཡོད། བསོད་ནམས་དབང་མོ་ལྟ་བུའི་མིང་གྲགས་ཅན་གྱི་གཞས་མས་སྣེ་འཁྲིད་ནས་བོད་རིགས་གཞོན་སྐྱེས་ཚོའི་ནང་ཤུགས་རྐྱེན་སྤྲོད་ཀྱི་ཡོད་པ་མ་ཟད། ཕྱི་རོལ་ཡུལ་དུའང་བོད་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་གཟུགས་བརྙན་ལྟ་བུ་ཞིག་མངོན་དུ་བཅུག་གི་ཡོད། གནས་ཚུལ་གསལ་པོ་མཁྱེན་རྟོགས་མེད་པའི་མི་འགའ་ཞིག་གིས་གསར་འགྱུར་བརྒྱུད་ལམ་ཁོ་ནའི་བག་ཆགས་ཀྱིས་བོད་མི་ཚང་མས་པགས་རིགས་ཀྱི་རྒྱན་གོས་གྱོན་གྱི་ཡོད་པར་ངོས་འཛིན་པ་མ་ཟད། བོད་མི་ནི་གནའ་སྔ་མོ་ནས་རི་དྭགས་རྒྱབ་ཀྱི་ཡོད་པར་ངོས་འཛིན་གྱི་ཡོད། དོན་དངོས་ཐོག་བོད་པ་ནི་བྱམས་སྙིང་རྗེ་ཆེ་བའི་མི་རིགས་ཞིག་ཡིན་ལ། སེམས་ཅན་ལ་འཚེ་བའི་ལས་བྱེད་པར་འཛེམ་ཟོན་བྱེད་མཁན་གྱི་མི་རིགས་ཤིག་ཡིན། གཟུགས་བརྙན་དེ་དག་འགྱུར་བ་ཐེབས་ནས་ད་ལྟ་ལྟ་བུའི་གནས་སྟངས་དེ་སློབ་གསོ་ཞིག་ལ་ངོས་འཛིན་བྱེད་དགོས་ལ། བོད་ཀྱི་ས་ཁུལ་སོ་སོའི་སྲིད་གཞུང་ནས་ཀྱང་དེ་ལྟར་ངོས་འཛིན་ཐུབ་པ་དགོས། རིག་གཞུང་གི་ནུས་པ་དེས་དཔལ་འབྱོར་གྱི་གར་སྟེགས་ལ་བརྩིས་ན། རིག་གཞུང་དེ་མི་རྣམས་ཀྱི་འཕྱ་སྨོད་བྱ་ཡུལ་དུ་འགྱུར་སྲིད་”ཅེས་འཁོད་ཡོད་པ་རེད།
ཐེངས་ 42351 བཀླགས་འདུག