Donate

མཚོ་རླུང་གིས་བོད་མིའི་སུད་ཚོང་ཁྲོམ་སར་གཏོར་སྐྱོན་བཏང་བ།

ཕྱི་ལོ་ ༢༠༡༤ ཟླ་ ༡༠ ཚེས་ ༡༢ ཉིན་རྒྱ་གར་གྱི་མཚོ་ཁུལ་མངའ་སྡེ་ཁག་ཅིག་ནང་མཚོ་རླུང་དྲག་པོ་ལྡང་སྟེ་མི་རྒྱུ་གཉིས་ལ་གནོད་སྐྱོན་ཆེན་པོ་ཐེབས་ཡོད་པའི་ཁྲོད་ཇར་ཁན་ཌིའི་བོད་མིའི་སུད་ཚོང་ཁྲོམ་ས་ ༩༠ ཙམ་གཏོར་སྐྱོན་བཏང་ཡོད་འདུག

Tibetan's market 1
གོང་ཚེས་ཉིན་རྒྱ་གར་ལྷོ་ཕྱོགས་ཨན་དྷ་ར་པར་དྷེ་ཤི་མངའ་སྡེའི་གྲོང་ཁྱེར་ཝུ་ཤི་ཁཱ་པཱ་ནམ་ (Visakhapatnam) གཙོས་ཨོ་རི་ས་མངའ་སྡེའི་མཚོ་ཁུལ་ཁག་ཅིག་ལ་མཚོ་རླུང་ཧུ་དྷོ་ཞེས་པ་ཞིག་བརྒྱབ་སྟེ། ད་བར་རྒྱ་གར་གྱི་ཡུལ་མི་ ༣༨ ལྷག་རྐྱེན་འདས་ཕྱིན་ཡོད་པ་མ་ཟད། གློག་ལམ་ཆད་པ་དང་། མེ་འཁོར་དང་གནམ་གྲུ། རླངས་འཁོར་སོགས་འགྲོ་སྐྱོད་བཀག་པ་དང་། མི་འབུམ་ལྔ་ ༥༠༠༠༠༠ ལྷག་ས་ཆ་གཞན་དུ་ཉེན་ཡོལ་དུ་འགྲོ་དགོས་བྱུང་ཡོད་པ་དང་། རྒྱ་གར་ལྷོ་ནུབ་མངའ་སྡེ་ཇར་ཁན་ཌིའི་ས་ཁུལ་ཁག་ཅིག་ཏུའང་དྲག་རླུང་འཚུབ་སྟེ། ཁུལ་དེའི་ཀྲ་ཀྲ་ནཱ་གྷར་ (Tatanagar)ནང་ཚོང་ལས་གཉེར་བཞིན་ཡོད་པའི་བོད་མི་སུད་ཚོང་བའི་ཁྲོམ་ས་ ༩༠ ཙམ་ལ་གཏོར་སྐྱོན་བཏང་ཡོད་འདུག

Tibetan's market 2དེ་རིང་གསར་འགོད་པས་ཀྲ་ཀྲ་ནཱ་གྷར་བོད་མིའི་སུད་ཚོང་སྐྱིད་སྡུག་གི་ཚོགས་གཙོ་བསྟན་འཛིན་དབང་རྒྱལ་ལགས་སུ་ཁ་པར་བརྒྱུད་ཁྲོམ་སའི་སྐོར་ལ་བཅར་འདྲི་ཞུས་པར། ཁོང་གིས། ང་ཚོ་ཇར་ཁན་ཌི་མངའ་སྡེའི་ཀྲ་ཀྲ་ནཱ་གྷར་ནང་ཁྲོམ་ས་གྲངས་ ༩༠ ཙམ་ཡོད། དགུན་ཚོང་གི་ཁྲོམ་རྭ་མགོ་འཛུགས་བྱས་ཏེ་ཉིན་ ༧ ལས་ཕྱིན་མེད་ཀྱང་། ཟླ་འདིའི་ཚེས་ ༡༢ ཉིན་གྱི་མཚན་མོའི་ཆུ་ཚོད་ ༡༠།༡༥ ཙམ་ལ་ཆར་རླུང་དྲག་པོ་འཚུབ་སྟེ། ཁྲོམ་ས་གཏོར་ཏེ་ལྕགས་ཤོག་རྣམས་རླུང་གིས་འཁྱེར་བ་དང་། ཁྲོམ་སའི་ལྕགས་སྡོང་དག་ཀྱང་བཀུག་པ་དང་བཅག་པ་སོགས་བྱུང་འདུག ད་ལྟ་ཁྲོམ་སའི་ལྕགས་ཤོག་འབོར་བརླག་སོང་བ་དག་ཉོ་དགོས་པ་དང་བཟོ་བཅོས་རྒྱག་དགོས་པ་སོགས་ཀྱི་དབང་གིས། རྒྱ་གར་གྱི་གླ་བ་བཙལ་ནས་བསྐྱར་བཟོ་བྱེད་བཞིན་པ་ཡིན། ཐེངས་འདིར་རོབ་རྩིས་བྱས་ན་ཧིན་སྒོར་འབུམ་གསུམ་དང་ཁྲི་ལྔ་ ༣༥༠༠༠༠ ལྷག་གི་གྱོང་ཕོག་སོང་། ཞེས་བརྗོད་བྱུང་།

བསྟན་འཛིན་དབང་རྒྱལ་ལགས་སུ་ཁྲོམ་ས་བཟོ་བཅོས་བརྒྱབ་ནས་ག་དུས་མགོ་འཛུགས་ཐུབ་མིན་དྲིས་པར་ཁོང་གིས། སྤྱིར་བཏང་ང་ཚོས་རྒྱ་གར་གྱི་ལོ་གསར་སྔོན་ལ་ཁྲོམ་ས་ཡོངས་རྫོགས་སྒོ་ཕྱེ་རྒྱུའི་འཆར་གཞི་ཡོད་ཀྱང་། ད་རེབ་ཀྱི་གོད་ཆགས་དེའི་དབང་གིས་ད་དུང་བདུན་ཕྲག་གཉིས་གསུམ་ལྷག་སྲིད་པ་རེད། ཅེས་བརྗོད་བྱུང་།

འབྲེལ་ཡོད་མངའ་སྡེའི་གཞུང་དང་བོད་མིའི་སྒྲིག་འཛུགས་སོགས་ལ་ད་རེབ་ཀྱི་གོད་ཆག་དེའི་སྐོར་སྙན་གསེང་ཞུས་ཡོད་མེད་དྲིས་པར། ཁོང་གིས། ད་ལྟ་ང་ཚོས་དེའི་སྐོར་ལ་གྲ་སྒྲིག་བྱེད་བཞིན་ཡོད། མངའ་སྡེའི་གཞུང་ལ་ཞུ་སྙན་འབུལ་རྒྱུའི་གྲ་སྒྲིག་བྱེད་བཞིན་ཡོད་པ་མ་ཟད། རྒྱ་གར་རྒྱལ་ཡོངས་བོད་མིའི་སུད་ཚོང་སྐྱིད་སྡུག་ལའང་ཞུ་སྙན་ཞིག་ཕུལ་ཡོད། དེ་རིང་བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ལ་ཁྲོམ་སའི་གནས་སྟངས་སྙན་གསན་ཞུ་དགོས་བསམ་ཡོད། ཅེས་བརྗོད་བྱུང་།

མཇུག་ཏུ་ཁོང་ལ། དེ་གའི་ཁྲོམ་ས་ག་དུས་མགོ་བཙུགས་པ་དང་། ད་ལྟ་བོད་མི་སུད་ཚོང་བ་ག་ཚོད་ཡོད་མེད་སོགས་དྲིས་པར། ཁོང་གིས། སྤྱིར་བཏང་ས་འདིར་ ༡༩༩༠ ལོའི་སྔོན་བོད་མི་སུད་ཚོང་རྒྱག་མཁན་བྱུང་ཡོད་ཀྱང་། སྐབས་དེར་ཚོགས་པ་སྐྱིད་སྡུག་དེ་འདྲ་མི་འདུག ༡༩༩༡ ལོར་སུད་ཚོང་སྐྱིད་སྡུག་འདི་བཙུགས་པ་དང་། ད་ཆ་ང་ཚོས་མངའ་སྡེའི་འབྲེལ་ཡོད་ལས་ཁུངས་ལ་ཁྲོམ་རྭ་ཁག་གཉིས་སུ་ཕྱེས་ཏེ་ཚོང་རྒྱག་གི་ཡོད་པ་མ་ཟད། ཁྲོམ་རྭ་དེ་གཉིས་ནང་བོད་པའི་ཁྲོམ་ས་ ༩༠ དང་མི་ཚང་ ༧༥ ལྷག་ཡོད། ཅེས་བརྗོད་བྱུང་།

བོད་ཀྱི་དུས་བབ་ལས་དྲངས། 

ཐེངས་ 42316 བཀླགས་འདུག