Donate

བ་མེན་སྐོར།

བ་མེན་ནི་འོ་འཐུང་སྲོག་ཆགས་རི་དྭགས་རིགས་ཤིག་ཡིན་ལ། སྲོག་ཆགས་འདི་ལ་རིགས་མི་འདྲ་བ་འགའ་ཤས་ཡོད་པས། འཚོ་གནས་བྱེད་ས་གཙོ་བོ་ལྷོ་ཤར་ཨེ་ཤི་ཡའི་ཁུལ་དུ་ཡིན་ཞིང༌། བོད་སོགས་ཧི་མ་ལ་ཡའི་རི་རྒྱུད་ཏུ་འཚོ་གནས་བྱེད་བཞིན་ཡོད།

བ་མེན།བ་མེན་ལ་ནང་གསེས་རིགས་མི་འདྲ་བ་བཞི་ཙམ་ཡོད་པས། བཞི་ཀ་བོད་ནང་ཡོད་པ་བོད་གངས་ཅན་ལྗོངས་ཀྱི་རྩ་ཆེའི་སྲོག་ཆགས་ངོ་སྤྲོད་ནང་གསལ་འདུག་པ་དང༌། དེ་ཡང་ཧི་མ་ལ་ཡའི་ཁུལ་དུ་གནས་པའི་བ་མེན་དང། འབྲུག་ཡུལ་དུ་གནས་པའི་བ་མེན། ཚ་བ་རྒྱལ་མོ་རོང་ཁུལ་གྱི་བ་མེན། སྤུ་སེར་བ་མེན་བཅས་བཞི་ཡིན།

སྤྱིར་བོད་ལ་འཚོ་གནས་བྱེད་བཞིན་པའི་བ་མེན་གྱི་གཟུགས་དབྱིབས་ནི་ལུས་སྟོད་མཐོ་ལ། ལུས་སྨད་དམའ་ཞིང་དཔྱི་དང་རྐང་པ་ཅུང་ཙམ་ཐུང༌། ངོ་གདོང་སྦོས་པ་ལྟ་བུ་དང་མཇིང་པ་སྦོམ་པོ་ཡོད། ལུས་ཀྱི་སྤུ་མདོག་ནི་གྲོ་དམར་དང༌། སེར་སྨུག ཁམ་ནག་སོགས་ཀྱི་ཤས་ཅུང་ཟད་ཡོད་པ་དང༌། ལུས་སྤུ་ཡང་རིང་ཙམ་ཡོད།

ཕོ་མོ་གཉིས་ཀའི་མགོ་ལ་ར་གཉིས་ལྡན་ཞིང༌། རྭའི་རིང་ཚད་ལ་སན་ཊར་མི་ཊར་ ༤༡ ཙམ་ཡོད། སྲོག་ཆགས་དེ་ངོ་ཚ་ཆེ་བ་དང༌། རྒྱུན་དུ་ཤིང་ནགས་སྟུག་པོའི་ནང་འཚོ་གནས་བྱས་ཏེ་རྩྭ་ཟ་ཆུ་འཐུང་ལ་རོལ་བའི་སྲོག་ཆགས་རིགས་ཤིག་ཡིན། དེ་ཡང་ཞོགས་པ་སྔ་པོ་ནས་རྩྭ་ཟ་བ་དང༌། ཉིན་རྒྱབ་ཤིང་ནགས་དཀྱིལ་དུ་ཡིབ་ནས་མཐོང་རྒྱུ་དཀོན། ཕོའི་གཟུགས་པོའི་མཐོ་ཚད་ལ་མི་ཊར་ ༡་༡ དང༌། ལུས་ཀྱི་ལྗིད་ཚད་ལ་སྤྱི་རྒྱ་ ༢༢༥ ནས་ ༢༧༥ བར་ཡོད།

ཚ་བ་རྒྱལ་མོ་རོང་དང་དཀར་མཛེས་ཁུལ་དུ་འཚོ་གནས་བྱེད་བཞིན་པའི་བ་མེན་ནི་གཟུགས་སྟོབས་ཅུང་ཆུང་བ་ཡོད་པས་གཟུགས་པོའི་མཐོ་ཚད་ལ་སན་ཊི་མི་ཊར་ ༦༩ ཙམ་ཡོད། སྲོག་ཆགས་བ་མེན་རིགས་དུས་བཞི་འགྱུར་འགྲོས་དང་གནས་ཡུལ་སོགས་ཀྱི་དབང་གི་སྤུ་མདོག་ཅུང་འདྲ་ཡི་མེད། བ་མེན་ནི་ཕྱི་ཟླ་ ༧ དང་ ༨ མཚམས་སུ་ཆགས་འཕེལ་གྱི་དུས་ཡིན་ཞིང༌། ལོ་རྗེས་མའི་ཕྱི་ཟླ་ ༣ ཙམ་ལ་ཕྲུ་གུ་སྐྱེ་འཕེལ་བྱེད། བོད་ཀྱི་རྩ་ཆེའི་སྲོག་ཆགས་ངོ་སྤྲོད་དབྱིན་ཡིག་དེབ་ནང་སྲོག་ཆགས་བ་མེན་གྱི་གྲངས་འབོར་ ༡༠༠༠༠ ལྷག་ཙམ་ཡོད་པ་དང༌། དེའི་ནང་ནས་ཚ་བ་རྒྱལ་མོ་རོང་གི་བ་མེན་རིགས་དེ་ ༥༠༠༠ ཙམ་ཡོད་པ་གསལ་འདུག

བ་མེན་གྱི་ཤ་དང་པགས་པའི་ཆེད་རྔོན་རྒྱག་མང་དྲགས་པས་སྟོངས་ལ་ཉེ་བའི་རི་སྐྱེས་སྲོག་ཆགས་ཤིག་ཡིན་ཞིང༌། རྒྱལ་སྤྱིའི་སྟོངས་ལ་ཉེ་བའི་རི་སྐྱེས་སྲོག་ཆགས་དང་སྐྱེ་དངོས་ཉོ་ཚོང་གི་ཁྲིམས་ཡིག་ནང་སྟོངས་ལ་ཉེ་བའི་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་ཀྱི་གྲས་སུ་ཡོད་པ་དང༌། དེ་བཞིན་རྒྱལ་སྤྱིའི་རང་བྱུང་སྲུང་སྐྱོབ་མཉམ་འབྲེལ་ལྷན་ཚོགས་ཀྱི་སྟོངས་ལ་ཉེ་བའི་སྲུང་སྐྱོབ་ཀྱི་ཛ་དྲག་གི་ཟིན་ཐོ་དམར་པོའི་ཟུར་རྒྱན་གཉིས་པའི་གྲས་སུ་ཡོད་པ་རེད། རྒྱ་དཀར་ནག་གཉིས་སུ་ཡང་སྲུང་སྐྱོབ་ཀྱི་གྲས་སུ་ཡོད་པ་རེད།

བ་མེན་སྐོར་དཔྱད་གཞིའི་ཡིག་ཆ།
1 བོད་གངས་ཅན་ལྗོངས་ཀྱི་རྩ་ཆེའི་སྲོག་ཆགས་ངོ་སྤྲོད། ཕྱི་དྲིལ་ཁོར་ཡུག་སྡེ་ཚན། ༢༠༠༤P.31-35
2 Microsoft Encarta Reference Library 2006
3 The Endangered Mammals of Tibet (2004 DIIR)P.40,41

ཐེངས་ 42378 བཀླགས་འདུག