ཉི་ཧོང་ལ་མཚོ་རླུང་གོད་ཆག་བྱུང་འདུག
ཕྱི་ལོ། ༢༠༡༤ ཟླ། ༧ ཚེས་ ༩ དང་ ༡༠ བཅས་ཉིན་གཉིས་རིང་་གཉིས་ལ་ཉི་ཧོང་ནང་མཚོ་རླུང་ཤུགས་ཆེན་ལྡང་སྟེ་ཉི་ཧོང་གི་སྐད་གྲགས་ཅན་གྱི་བཟོ་གྲྭ་མང་པོ་ཞིག་ལས་མཚམས་འཇོག་དགོས་བྱུང་ཡོད་འདུག
ཁ་སང་ཉི་ཧོང་གི་ཨོ་ཀི་ནཱ་ཝ་ (Okinawa Island) གླིང་ཕྲན་གྱི་མཚོ་ཁུལ་ནས་མཚོ་རླུང་ནཱོ་གྷུ་རེ་ (Typhoon Neoguri ) ཞེས་པ་ཞིག་ལྡང་སྟེ། ཨོ་ཀི་ནཱ་ཝ་ས་ཁུལ་གྱི་གྲོང་ཁྱེར་མང་པོའི་ནང་ཆུ་ལོག་བརྒྱབ་པ་དང་ཤིང་སྡོང་རྩ་འགོག་བཏང་བ། ཁྱིམ་ཚང་ཆིག་འབུམ་ལྔ་སྟོང་ལྷག་ལ་གློག་ཆད་པ་སོགས་བྱུང་སྟེ། མི་ ༢ བསད་པ་དང་གཞན་མི་ ༣༢ ཙམ་ལ་རྨས་སྐྱོན་བཏང་བ། མི་འབུམ་གཅིག་ཙམ་ས་ཆ་གཞན་དུ་གནས་སྤོ་བྱེད་དགོས་བྱུང་ཡོད་པ་མ་ཟད། དེ་རིང་སྔ་དྲོར་མཚོ་རླུང་དེ་ཉི་ཧོང་གི་ཀཱེ་ཡུ་ཤཱུ་ (Kyushu) གླིང་ཕྲན་ལ་བརྒྱབ་ཡོད་པ་དང་། གནམ་གཤིས་བརྟག་དཔྱད་ཚན་པས་བསྒྲགས་པ་ལྟར་ན། སང་ཉིན་ཞི་བདེ་རྒྱ་མཚོ་བརྒྱུད་ཉི་ཧོང་གི་གྲོང་ཁྱེར་ཆེ་ཁག་ཨོ་སཱ་ཁཱ་ (Osaka)དང་། ཁེའོ་ཌོ་ (Kyoto)། ཀྲོག་ཁྱོག་(Tokyo) སོགས་ནང་རྒྱག་རྒྱུ་ཡིན་འདུག
འདིའི་ཐད་ཉི་ཧོང་གནམ་གཤིས་བརྟག་དཔྱད་ཚན་པས། ཉེན་ཁ་ཆེ་བའི་མཚོ་རླུང་འདི་ཉི་ཧོང་གི་གླིང་ཕྲན་དང་གྲོང་ཁྱེར་མང་པོ་ཞིག་ནང་རྒྱག་རྒྱུ་ཡིན་སྟབས། མང་ཚོགས་ཚོས་སོ་སོའི་བདེ་འཇགས་ལ་འགན་སྲུང་ཐུབ་པ་བྱ་དགོས། ཞེས་དང་། ཀཱེ་ཡུ་ཤཱུ་གླིང་ཕྲན་ཧྥ་ཁཱོ་ཁཱ་ (Fukuoka) ས་གནས་སྲིད་གཞུང་ཀྱིས། ཀཱེ་ཡུ་ཤཱུ་གླིང་ཕྲན་ནང་ཉིན་ཤས་རིང་རླུང་འཚུབ་དང་ཆར་རླུང་དྲག་པོ་ལྡང་རྒྱུ་ཡིན་སྟབས། མང་ཚོགས་ཚོས་རང་ཁྱིམ་ནང་བསྡད་དེ་མཚོ་རླུང་གི་གོད་ཆག་ལས་གང་ཐུབ་གཡོལ་ཐབས་བྱ་དགོས་སྐོར་བརྗོད་འདུག
དེ་རིང་ཉི་ཧོང་ཀཱེ་ཡུ་ཤཱུ་གླིང་ཕྲན་ཧྥ་ཁཱོ་ཁཱ་ཁུལ་ནང་རྟེན་གཞི་བྱས་པའི་རྡུལ་ཕྲན་གློག་ཤུགས་བཀོལ་སྤྱོད་བཟོ་གྲྭ་ (Fukushima Daiichi nuclear plant)ཞེས་པ་དང་། ཨ་རིའི་མཚོ་དམག་ས་ཚིགས་ (Kadena Air Base)། ནེ་སན་རླངས་འཁོར་བཟོ་གྲྭ་(Nissan) དང་ཀྲོ་ཡུ་ཌ་ (Toyota)། ཌོ་ཤི་བྷ་གློག་ཀླད་བཟོ་གྲྭ་(Toshiba)བཅས་ལས་མཚམས་བཞག་ཡོད་པ་མ་ཟད། ཉི་ཧོང་ནང་ཡོད་པའི་ (Nansei Sekiyu KK)རྡོ་སྣུམ་སྔོག་འདོན་བཟོ་གྲྭ་དང་། རྡུལ་ཕྲན་གློག་ཤུགས་རྒྱུད་གཏོང་བཟོ་གྲྭ་མང་པོ་ཞིག་སྒོ་རྒྱག་དགོས་བྱུང་ཡོད་པ་མ་ཟད། ཉི་ཧོང་གི་རྒྱལ་སྤྱི་རྒྱལ་ནང་དུ་འཕུར་སྐྱོད་བྱེད་མཁན་གྱི་གནམ་གྲུ་མང་པོ་ཞིག་འཕུར་མ་ཐུབ་པའི་གནས་ཚུལ་ཐོན་ཡོད་འདུག
ཉི་ཧོང་ནང་ལོ་རེར་ཆ་སྙོམ་མཚོ་རླུང་ཐེངས་ ༡༡ ཙམ་རྒྱག་གི་ཡོད་ཅིང་། དེ་དག་ཕྱི་ཟླ་ ༧ ནས་ཟླ་ ༡༠ ནང་ཚུད་དུ་རྒྱག་གི་ཡོད་འདུག འདས་པའི་ལོ་ངོ་ ༣༠ ཙམ་ནས་བཟུང་ད་བར་ཉི་ཧོང་ནང་མཚོ་རླུང་༨༠ ལྷག་བརྒྱབ་ཡོད་པ་མ་ཟད། མི་ཁྲི་ ༢ ལྷག་གི་ཚེ་སྲོག་བཅད་ཡོད་འདུག
ཉི་ཧོང་གི་གནམ་གཤིས་རིག་པ་བ་སྐུ་ཞབས་ནཱེ་རོ་ཁཱོ་ལགས་ཀྱིས། ཉི་ཧོང་ནི་འཛམ་གླིང་ཐོག་མཚོ་ཡོམ་དང་ས་ཡོམ་མང་ཤོས་ཀྱི་རྒྱལ་ཁབ་ཅིག་ཡིན་སྟབས། ས་གཤིས་དང་གནམ་གཤིས་འགྱུར་ལྡོག་གི་དབང་གིས་མཚོ་རླུང་དེ་རིགས་ཉི་ཧོང་ནང་གཅིག་མཇུག་གཉིས་མཐུད་དུ་རྒྱག་གི་ཡོད། ཅེས་བརྗོད་འདུག
གནམ་གཤིས་ཆེད་མཁས་པ་ཚོས། ད་རེབ་མཚོ་རླུང་དེས་ཉི་ཧོང་གི་མི་རྒྱུ་གཉིས་ལ་གོད་ཆག་ཆེན་པོ་བཟོ་རྒྱུ་ཡིན་པ་མ་ཟད། ཨེ་ཤ་ཡའི་མངའ་ཁུལ་གྱི་གཤམ་གཤིས་ལ་འགྱུར་ལྡོག་ཤུགས་ཆེན་འགྲོ་རྒྱུ་ཡིན་སྐོར་བརྗོད་འདུག
བོད་ཀྱི་དུས་བབ་ལས་དྲངས།
ཐེངས་ 42252 བཀླགས་འདུག