Welcome toTibet Natural Environment Conservation Network
དྲྭ་རྒྱའི་དགོས་དམིགས་སྐོར། PDF Print E-mail
Thursday, 12 October 2006 10:00

སྔོན་གླེང།

དེང་གི་དུས་སུ་ཁོར་ཡུག་སྲུང་སྐྱོབ་བྱ་རྒྱུ་ནི་འཛམ་གླིེང་སྐྱེ་བོ་ཀུན་ལ་བབས་པའི་གལ་ཆེའི་འོས་འགན་ཞིག་ཡིན་པ་དང༌། ལྷག་པར་དུ་འཛམ་གླིང་ཡང་ཐོག་བོད་ཀྱི་རང་བྱུང་ཁོར་ཡུག་སྲུང་སྐྱོབ་བྱ་རྒྱུ་ནི་དེ་བས་གལ་ཆེའི་རང་བཞིན་ཡིན་པ་བརྗོད་མི་དགོས། གང་ལགས་ཞེ་ན། བོད་ཀྱི་ཆུ་བོ་དང་སྲིད་པའི་གངས་རིས་འཛམ་གླིང་མི་མང་ས་ཡ་མང་པོར་བདེ་སྐྱིད་ཀྱི་འཚོ་གནས་བྱིན་ཐུབ་ཀྱི་ཡོད། གདོད་མ་ནས་བཟུང་བོད་ཀྱི་སྲོལ་རྒྱུན་ཆོས་རིག་གོམས་གཤིས་ཐོག་ནས་བོད་མི་རྣམས་ཀྱིས་ཁོར་ཡུག་སྲུང་སྐྱོབ་བྱ་རྒྱུ་དེ་བོད་མིའི་བརྒྱུད་ལ་ལྷན་སྐྱེས་ཀྱི་གོམས་གཤིས་ཤིག་ཆགས་ཡོད། དེ་ཡང་བོད་ལ་རྒྱ་ནག་གིས་དབང་བསྒྱུར་མ་བྱས་བར་བོད་ཀྱི་རང་བྱུང་ཁོར་ཡུག་ལ་གནོད་སྐྱོན་གང་ཡང་ཕོགས་མེད་པ་མ་ཟད། ཆོས་རྒྱལ་སྲོང་བཙན་སྒམ་པོ་ནས་བཟུང་བོད་ཀྱི་རྒྱལ་པོ་རིམ་བྱོན་གྱིས་ཁོར་ཡུག་ སྲུང་སྐྱོབ་གྱི་ཁྲིམས་གཞི་སོགས་གཏན་འབེབས་བྱས་ཏེ་ཕྱི་ལོ་༡༩༥༩ བར་ལག་བསྟར་དོན་འཁྱོལ་བྱུང་ཡོད་པ་རེད། ཕྱི་ལོ་༡༩༥༩ ལོར་རྒྱ་མིའི་བོད་ལ་དབང་བསྒྱུར་བྱས་ནས་བོད་ཀྱི་རང་བྱུང་ཁོར་ཡུག་ལ་གཏོར་བཤིག་ཚབས་ཆེན་བཏང་ཡོད། དཔེར་ན་གདོད་མའི་བོད་ཀྱི་ཤིང་ནགས་ཚད་ལས་བརྒལ་བ་གཅོད་འབྲེག་བྱས་པ་དང༌། མཚོ་དང་མཚེའུ་རྒྱུགས་ཆུ་སོགས་ལ་འགན་ཁུར་ཅི་ཡང་མེད་པར་གང་སར་གློ་ཁང་གསར་ རྒྱག་བྱས་པ་དང༌། རྡུལ་ཕྲན་གྱི་ལས་གཞི་གསར་རྒྱག་དང་སྙིགས་རོ་གང་སར་དོར་བ། གཏེར་ཀ་སོགས་གང་བྱུང་སྔོག་འདོན་བྱས་པ། ཞི་བདེ་བག་ཕེབས་ལ་གནས་པའི་བྱ་དང་བྱེའུ། གཅན་གཟན་རི་དྭགས། ཉ་སོགས་ཀྱི་འཚོ་གནས་ལ་གནོད་འཚེ་དང་གང་བྱུང་རྔོན་རྒྱག་བྱས་པ་སོགས་མདོར་ན་ད་ལྟའི་བོད་ཀྱི་ཁོར་ཡུག་གནས་སྟངས་དེ་ཆགས་འཇིགས་སུ་འགྲོ་ལ་ཉེ་བས་བོད་མི་ཙམ་མ་ཡིན་པར་འཛམ་གླིང་སྐྱེ་བོ་ཀུན་གྱིས་ཐུགས་སྣང་དང་སེམས་འཚབ་བྱེད་དགོས་པ་གྱུར་ཡོད། ལྷག་པར་དུ་རྒྱ་གཞུང་གི་མི་སེར་སྤེལ་བའི་སྲིད་བྱུས་འོག་བོད་མི་རྣམས་ལ་སྔར་སྲོལ་བཟང་པོ་རྒྱུན་འཛིན་བྱེད་པར་འགོག་རྐྱེན་ཅི་རིགས་འཕྲད་བཞིན་པ་མ་ཟད། དེང་དུས་ཀྱི་ཁྲིམས་ལུགས་དང་ཤེས་བྱའི་གནད་དོན་ཤེས་རྟོགས་བཅུག་གི་མེད། དེར་བརྟེན་བོད་མི་སྤྱི་དང་ལྷག་གཞིས་ལུས་སྤུན་ཟླ་རྣམས་ནས་གནའ་དེང་གཉིས་ཀྱི་ཁོར་ཡུག་དང་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་ཀྱི་ཤེས་བྱར་སྔར་ལས་ལྷག་པའི་གོ་ རྟོགས་གོང་མཐོར་ཡོང་ཆེད་ཁོར་ཡུག་སྲུང་སྐྱོབ་སྐོར་གྱི་བོད་ཡིག་གི་དྲ་རྒྱ་གསར་པ་ཞིག་བཟོ་འཆར་ཡོད།

དྲ་རྒྱའི་དགོས་དམིགས།

དྲ་རྒྱའི་ ཕན་ནུས་དང་ཁྱབ་ཚད་ནི་དུས་རབས་གསར་པའི་བརྡ་ཁྱབ་གྱི་མྱུར་ཚད་མགྱོགས་ཤོས་དང་དགོས་ནུས་ཅན་ཞིག་ཡིན་པ་བརྗོད་མ་དགོས་པ་ཚང་མས་མཁྱེན་གསལ་རེད། ལྷག་པར་ད་ལྟའི་དུས་སྐབས་སུ་བོད་ཕྱི་ནང་གཉིས་སུ་དྲ་རྒྱ་ཧ་ཅང་མང་པོ་ཡོད་ཅིང༌། དེའི་ནང་ནས་དབྱིན་ཡིག་དང་རྒྱ་ཡིག་གི་དྲ་རྒྱ་ནི་ཆེས་མང་ཡང༌། བོད་ཡིག་ནང་དྲ་རྒྱ་ཉུང་ཤས་ལས་མེད་པ་དང་དེ་དག་མང་ཆེ་བ་རྒྱ་ནག་གཞུང་གི་དྲིལ་བསྒྲགས་ཀྱི་ངོ་བོ་ཙམ་ལས་གཞན་མི་རྣམས་ཀྱིཤེས་འདོད་པའི་དངོས་ཡོད་ཀྱི་གནས་ཚུལ་ དང་ཤེས་བྱ་ཁག་དྲ་རྒྱ་ནང་ཕལ་ཆེར་མེད། བཙན་བྱོལ་ནང་བོད་ཡིག་དྲ་རྒྱ་ཁ་ཤས་ཙམ་ཡོད་པ་དང་དེ་དག་མང་ཆེ་བ་གསར་འགྱུར་སྐོར་གྱི་དྲ་རྒྱ་ཡིན། ཁོར་ཡུག་དང་རི་སྐྱེས་སྲོག་ཆགས་སྐོར་གྱི་བོད་ཕྱི་ནང་གཉིས་སུ་བོད་ཡིག་གི་དྲ་རྒྱ་གཅིག་ཅང་མེད། གལ་སྲིད་ཁྱེད་རྣམས་པས་དྲྭ་རྒྱ་གསར་བཟོ་བྱ་རྒྱུ་ལ་རོགས་རམ་གནང་ཐུབ་ན་གཤམ་གསལ་དོན་ཚན་ཁག་དྲ་རྒྱ་ནང་འཇོག་རྒྱུ་ཡིན།

༡༽ གཙོ་བོ་བོད་ཡིག་ནང་སྲོལ་རྒྱུན་བོད་ཀྱི་ཆོས་རིག་གོམས་གཤིས་ཐོག་ནས་ཁོར་ཡུག་དང་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་གལ་ཆེན་ཡིན་པར་འཛིན་པའི་འདུ་ཤེས་ལྟ་བའི་ སྐོར་འཇོག་རྒྱུ།

༢༽ འཛམ་གླིང་སྤྱིའི་ཁོར་ཡུག་གི་ཆགས་འཇིག་དང་ད་ལྟའི་གནས་སྟངས་སྐོར་ངོ་སྤྲོད། རྒྱལ་སྤྱིའི་སྟོངས་ལ་ཉེ་བའི་སྐྱེས་དངོས་དང་རི་སྐྱེས་སྲོག་ཆགས་སྐོར་གྱི་ཤེས་བྱ་དང་ཁྲིམས་ལུགས་སོགས་གང་མང་འཇོག་རྒྱུ།

༣༽ ཁོར་ཡུག་དང་རི་སྐྱེས་སྲོག་ཆགས་སྐོར་གྱི་གལ་ཆེའི་གནས་ཚུལ་དང་དེ་འབྲེལ་གསར་འགྱུར་བརྒྱུད་ལམ་ཁག་ནང་ཐོན་པ་དག་བོད་ཡིག་ནང་ཕབས་བསྒྱུར་བྱས་ཏེ་དྲརྒྱ་ནང་འཇོག་རྒྱུ།

༤༽ གོང་གསལ་གྱི་གལ་ཆེ་བའི་ཤེས་བྱ་ཁག་རྒྱ་ཡིག་དང་དབྱིན་ཡིག་ནང་ཕབས་བསྒྱུར་བྱས་ཏེ་དྲ་རྒྱ་ནང་འཇོག་རྒྱུ་བཅས་ཡིན།

༥ ༽ ྋགོང་ས་མཆོག་གི་ཁོར་ཡུག་སྐོར་ལ་གནང་བའི་བཀའ་སློབ་དང༌། དེ་བཞིན་བོད་ཀྱི་བླ་ཆེན་དང་མཁས་པ་ཁག་གི་ཁོར་ཡུག་སྐོར་བཀའ་སློབ་དང་ཆེད་རྩོམ། བོད་ནང་སྔ་ཕྱིར་པགས་རིགས་མེད་སྲེག་བཏང་བའི་སྐོར་གྱི་གནས་ཚུལ་དང༌། ཁོར་ཡུག་སྐོར་གྱི་འབྲེལ་ཡོད་ཤེས་བྱ་དང་རྩོམ་ཡིག་སོགས་གང་མང་འཇོག་འཆར་ཡོད།

༦ ༽ གུས་ཀྱིས་རྒྱ་གར་བདག་མེད་སེམས་ཅན་སྲུང་སྐྱོབ་ཚོགས་པ་བརྒྱུད་ནས་ཨ་རིར་ཡོད་པའི་ས་ཆ་རུ་ན་ཐེབས་རྩ་ཁང་གི་རོགས་རམ་འོག་ད་ལྟ་ཁོར་ཡུག་དང་རི་སྐྱེས་སྲོགས་ཆགས། བོད་ནང་པགས་རིགས་མེ་སྲེག་བཏང་པ་སོགས་ཀྱི་སྐོར་ལ་ཞིབ་འཇུག་དང་འབྲེལ་དེབ་ཅིག་འབྲི་བཞིན་ཡོད་པ་དེ་ཉིད་མ་འོངས་པར་ཆ་ཚང་དྲ་རྒྱ་བརྒྱུད་ནས་བོད་མིའི་རྣམས་ཀྱིས་ལྟ་ཀློག་བྱ་རྒྱུའི་མཐུན་རྐྱེན་ཞིག་བྱུང་ན་བསམ་པའི་རེ་བ་རྒྱག་བཞིན་ཡོད།

གུས་རང་ཕྱི་ལོ་༢༠༠༣ ཙམ་ནས་བཟུང་རྒྱ་གར་བདག་མེད་སེམས་ཅན་སྲུང་སྐྱོབ་ཚོགས་པ་དང་མཉམ་དུ་ལས་ཀ་བྱས་ཏེ་ཁོར་ཡུག་དང་རི་སྐྱེས་སྲོག་ཆགས་སྐོར་ལ་ཞིབ་འཇུག་བྱེད་བཞིན་ཡོད། ལྷག་པར་དུ་ང་རང་སྒེར་གྱི་འགན་ཁུར་དང་རོགས་རམ་བཙལ་ཏེ་རྒྱ་གར་བདག་མེད་སེམས་ ཅན་སྲུང་སྐྱོབ་ཚོགས་པ་དང༌། རྒྱལ་སྤྱིའི་ཁོར་ཡུག་རྟོགས་ཞིབ་ཁང༌། ཨ་རིའི་སྟག་གི་ཐེབས་རྩ་ཁང་སོགས་ཀྱིས་རོགས་རམ་འོག་ཕྱི་ལོ་༢༠༠༦ ལོར་ྋགོང་ས་མཆོག་གི་དུས་འཁོར་དབང་ཆེན་གནང་སྐབས་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་ཀྱི་གོ་རྟོགས་ལས་འགུལ་དཔར་རིས་འགྲེམས་སྟོན་སོགས་གཞི་རྒྱ་ཆེ་བ་ཞིག་བ་གོ་སྒྲིག་བྱས་ཐུབ་པ་བྱུང་སོང༌། དེའི་སྐབས་སུ་ྋགོང་ས་མཆོག་གིས་རི་སྐྱེས་སྲོག་ཆགས་སྐོར་ལ་གསུང་བའི་བཀའ་སློབ་ འཁོར་ཐག་དང༌། འབྲེལ་ཡོད་ཡིག་ཆ། དཔར་རིས། འོད་ལྡེར་སོགས་སྟོང་ཕྲག་མང་པོ་ཆོས་ཞུ་བ་ཡོངས་དང་ལྷག་པར་དུ་བོད་ནས་ཕེབས་མཁན་ ཆོས་ཞུ་བ་སྟོང་ཕྲག་མང་པོར་འགྲེམས་སྤེལ་ཐུབ་པ་བྱུང་སོང་བས་ཕན་ཐོག་རྒྱ་ཆེར་ བྱུང་ཡོད་པ་རེད། དེ་རྗེས་ཕྱི་ལོ་༢༠༠༦ ཕྱི་ཟླ་བརྒྱད་པ་བཟུང་རྒྱ་གར་བདག་མེད་སེམས་སྲུང་སྐྱོབ་ཚོགས་པ་བརྒྱུད་ཨ་རིའི་ས་ཆ་རུ་ན་ཐེབས་རྩ་ཁང་ནས་རོགས་རམ་འོག་ལོ་གཅིག་རིང་རྒྱ་བལ་ཁུལ་གྱི་བོད་མིའི་གཞིས་ཆགས་དང༌། སློབ་གྲྭ། དགོན་པ་བཅས་ཀྱི་ནང་བོད་མི་རྣམས་ལ་རི་སྐྱེས་སྲོག་ཆགས་ཀྱི་གོ་རྟོགས་ལས་འགུལ་ཞེས་པ་ཞིག་གོ་སྒྲིག་གིས་འབྲེལ་ཡོད་ཡིག་ཆ་འགྲེམས་སྤེལ་དང་གློག་བརྙན གཟིགས་འབུལ། དཔར་རིས་ངོ་སྤྲོད། བོད་ནང་པགས་རིགས་མེ་སྲེག་བཏང་བ་སོགས་ཀྱི་སྐོར་གནས་ཚུལ་ངོ་སྤྲོད་བྱེད་ཀྱིན་ཡོད་པ་དང་ད་ལྟ་ལས་རིམ་དེ་འགྲོ་བཞིན་པ་ཡིན།

 

Last Updated ( Tuesday, 06 October 2009 09:39 )